ངོ་སྤྲོད།

ཞུན་དག

ད་ལྟོ་ཆུ་ཁའི་གློག་མེ་ལས་འགུལ་འདི་ཆགས་ཡོད་པའི་བྱག་འདི་རྣམ་ཐར་བྱག་ཟེར་སླབ་ཨིན། ཟླ་བ་རྫོང་འདི་འ་ནཱི་རྣམ་ཐར་བྱག་དེ་གི་གདོང་ཕྱོགས་ཀྱི་སྤོ་ཏོ་གཅིག་གུར་བཞེངས་ཏེ་ག་ནི་བ་མཛོས་ཆ་དང་ལྡན་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན་མས། རོང་འདི་ཆགས་སའི་ས་གོ་འདི་ཁར་ཧེ་མ་གྲུབ་ཐོབ་ཆེན་པོ་ཐང་སྟོང་རྒྱལ་པོ་གིས་རྐྱབ་ཡོད་པའི་ལྕགས་ཟམ་གཅིག་ཡོདཔ་དང་ ལྕགས་ཟམ་དེ་ཁར་ད་ལྟོ་ཡང་རྒྱལ་ཁབ་ཀྱི་གསང་བའི་སྲུང་སྐྱོབ་ཅིག་ལྟ་རྟོག་པ་སྦེ་བསྐོས་ཏེ་ཡོདཔ་ཨིན་ཟེར་བཤདཔ་ཨིན་མས། དེ་ཡང་ང་བཅས་རའི་དཔལ་ལྡན་འབྲུག་གི་རྗེ་མཁན་ཁྲི་རབས་དགུ་པ་ རྗེ་རྒྱལ་བ་ཤཀྱཱ་རིན་ཆེན་གྱི་རྣམ་ཐར་ནང་ལུ་ ཆུ་ཁ་ཟླ་བ་རྫོང་འདི་བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་འདོད་བཞིན་དུ་ བླམ་ཆོས་རྒྱལ་མི་འགྱུར་བརྟན་པ་གིས་ལྟ་རྟོག་མཛད་དེ་ས་གི་རྫོང་སྦེ་བཞེངས་ཡོདཔ་ཨིན་མས། ཨིན་རུང་བར་སྐབས་ཅིག་རྫོང་འདི་ཧྲམ་སོང་ཞིན་ན་གྱང་ཁོག་དང་རྡོ་ཚུ་རྐྱངམ་གཅིག་ལུས་ཡོདཔ་ལས་ ཤུལ་ལས་ཆུ་ཁ་གློག་མེ་ལས་འགུལ་གྱིས་ས་གོ་དེ་ཁ་ར་ཟངས་མདོག་དཔལ་རི་ཅིག་བཞེངས་ཡོདཔ་ཨིན་མས།

ཆུ་ཁ་རྫོང་ཁག་གི་ས་གནས་དེ་ཁར་ཡོད་པའི་ནང་པའི་དྲུང་འཚོ་ཅིག་ཨིནམ་མ་ཚེ་དབང་རྡོ་རྗེ་གིས་ ས་གནས་ཀྱི་མི་སེར་ཚུ་གི་ལོ་རྒྱུས་ལུ་གཞི་བཞག་སྟེ་བཤད་མི་ནང་ལུ་ དེ་བསྒང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་འདི་ས་གོ་དེ་ཁར་ལྕགས་ཟམ་ཅིག་རྐྱབ་ནིའི་ཐུགས་བཞེས་གནང་སྟེ་བྱོན་ཡོདཔ་ཨིནམ་བཞིན་དུ་ ཝང་ཆུ་དང་རྒྱབ་ཕྱོགས་ཁ་ཐུག་ལུ་འབབ་མི་རོང་ཆུ་གཉིས་འཛོམས་ས་ལུ་ སྲིན་མོ་ལག་རིང་མ་ཟེར་མི་ཅིག་སྡོད་ཡོདཔ་ཨིན་མས། དེ་ཚེ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་བྱོན་པའི་སྐབས་ལུ་ སྲིན་མོ་ལག་རིང་མ་དེ་གིས་གནམ་མེད་ས་མེད་འདྲོགས་སི་སི་གིས་སྤྲུལ་པ་བཏོན་ཡོདཔ་ཨིན་མས། དེ་ཡང་སྲིན་མོ་གིས་ཝང་ཆུ་དང་རོང་ཆུ་གཉིས་མོ་གི་ཁ་ནང་ལུ་ཧུབ་ཐེངས་གཅིག་ལུའཐུང་སྟེ་ རོང་ཆུ་འདི་ཡ་མཚན་ཆེ་ཏོག་ཏོ་སྦེ་ལོག་ཁ་ཡར་ལྟ་འགྱོ་བཅུག་ནི་ལ་སོགས་པའི་རྫུ་འཕྲུལ་བཏོན་ཡོདཔ་ཨིན་མས།

དེ་ལས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་ཡ་མཚན་ཅན་གྱི་རྫུ་འཕྲུལ་བཏོན་ཏེ་ དེ་ཚེ་གནམ་ཁ་ལས་གནམ་ལྕགས་ཕབ་སྟེ་སྲིན་མོ་འདི་ས་གནས་ཝ་ན་ཁ་ལུ་དམ་ལུ་བཏགས་གནང་ནུག། དེ་ལས་གྲུབ་ཐོབ་ཀྱིས་སྲིན་མོ་འདི་ས་གནས་ཀྱི་ཆོས་སྲུང་སྦེ་བསྐོ་བཞག་གནང་སྟེ་ ས་གོ་འདི་གི་མིང་ཆུ་ཡི་ཁ་ཟེར་དར་དགོ་མིའི་རྒྱུ་མཚན་ཡང་ ཝང་ཆུ་འདི་སྲིན་མོ་གིས་ཁ་ནང་ལུ་འཐུང་མི་ལུ་བརྟེན་ཏེ་ཨིནམ་ལས་ ཤུལ་ལས་འགྲོས་ཀྱིས་སྦེ་ས་གནས་དེ་གི་མིང་ཡང་སྒྲ་ཉམས་ཏེ་ཆུ་ཁ་ཟེར་དར་ཡོདཔ་ཨིནམ་སྦེ་བཤདཔ་ཨིན་མས། དེ་བསྒང་གི་ལྕགས་ཟམ་གྱི་རྡོ་ལྷག་ལུས་ཚུ་ཡང་ཆུ་ཁ་གི་གློག་མེ་ལས་འགུལ་འདི་རྐྱབ་པའི་སྐབས་ལུ་ ལག་ལེན་འཐབ་ཡོདཔ་ཨིནམ་མ་ཚད་ཤུལ་ལས་ཟངས་མདོག་དཔལ་རི་བཞེངས་པའི་སྐབས་ལུ་ཡང་ ལག་ལེན་འཐབ་ཡོདཔ་སྦེ་བཤད་ནི་འདུག།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡. འབྲུག་གི་གནས། ཆུ་ཁ་རྫོང་རྙིངམ་དང་དེ་གི་མིང་ག་དེ་སྦེ་བཏགས་པའི་སྐོར་ལས། གནམ་ལོ། སྤྱི་ལོ་ ༢༠༢༡། ཕེསི་བྷུག།

"https://dz.wikipedia.org/w/index.php?title=Chhukha_Dawa_Dzong&oldid=32397" ལས་ སླར་འདྲེན་འབད་ཡོདཔ།