ཨོ་རྒྱན་དབང་ཕྱུག

འབྲུག་གི་རྒྱལཔོ་ (༡༨༦༢-༡༩༢༦)

ཨོ་རྒྱན་དབང་ཕྱུག (1861–1926)

སྤྱི་ལོ་༡༩༠༥ ལུ་ ཨོ་རྒྱན་དབང་ཕྱུག

གོང་ས་ ཨོ་རྒྱན་དབང་ཕྱུག་མཆོག་ ཡབ་འཇིགས་མེད་རྣབ་རྒྱལ་དང་ ཡུམ་ཨ་ཞེས་ པདྨ་ཆོས་སྐྱིད་གཉིས་ཀྱི་སྲས་ལུ་ ༡༨༦༢ ལུ་ སྐུ་འཁྲུངས་ནུག། ཡབ་འཇིགས་མེད་རྣམ་རྒྱལ་མཆོག་ གདུང་དཀར་ཆོས་རྗེ་པི་ལ་དགོན་པོ་དབང་རྒྱལ་དང་ བསོད་ནམས་དཔལ་འཛོམས་གཉིས་ཀྱི་སྲས་ཨིན། རྡོ་རྗེ་དང་ གདུང་དཀར་རྒྱལ་མཚན་ དེ་ལས་ ཚེ་རིང་སྒྲོལ་མ་དང་ གཡུ་སྒྲོན་ཚུ་ཁོ་གི་སྤུན་ཆ་ཨིནམ་དང་གདུང་དཀར་རྒྱལ་མཚན་གྱིས་ ཀྲོང་་གསར་དཔོན་སློབ་ཀྱི་གོ་གནས་བཞེས་ནུག།

ཡུམ་པདྨ་ཆོས་སྐྱིད་དེ་ གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་ཀྱི་ སྲསམོ་ཨིནམ་དང་ ཨོ་རྒྱན་ཕུན་ཚོགས་དེ་ པད་གླིང་གསུངས་སྤྲུལ་ ༨་པ་ ཀུན་བཟང་བསྟན་པའི་ཉི་མ་དང་ ཀྲོང་གསར་དཔོན་སློབ་པདྨ་བསྟན་འཛིན་གཉིས་ཀྱི་སྐུ་ནུ་ཨིན། ཨོ་རྒྱན་ཕུན་ཚོགས་ཀྱིས་ ཀྲོང་གསར་དཔོན་སློབ་ཀྱི་གོ་གནས་ཡང་བཞེས་ནུག།

གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ལུ་སྐུ་མཆེད་གཉིས་ཡོད་མི་ནང་ལས་ ཕྲིན་ལས་ སྟོབས་རྒྱས་ཀྱིས་ དབང་འདུས་ཕོ་བྲང་རྫོང་དཔོན་དང་ སྤ་རོ་དཔོན་སློབ་ཀྱི་གོ་གནས་བཞེངས་ཡོདཔ་དང་ ཡེ་ཤེས་ཆོས་སྒྲོན་དེ་ བྱ་དཀར་རྫོང་དཔོན་ འཆི་མེད་རྡོ་རྗེ་དང་གཅིག་ཁར་གཉེན་སྦྱོར་འབད་ནུག།

གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་ པདྨ་བསྟན་འཛིན་གྱི་སྲསམོ་ཨ་ཞེ་རིན་ཆེན་དང་ ཀུར་སྟོད་ཁོལ་མ་ལས་ཨིན་མི་ ཨམ་ཚེ་དབང་རྒྱས་མོ་གི་སྲསམོ་སྦོམ་ཤོས་ཨ་ཞེ་ བརྩོན་འགྲུས་ལྷ་མོའམ་གླེ་མོ་གཉིས་དང་གཅིག་ཁར་གཉེན་སྦྱོར་མཛད་ནུག། ཨམ་ཚེ་དབང་རྒྱས་མོ་འདི་ གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་བརྒྱུད་ལུག་ཆུ་སྟོད་སྨད་གཉིས་ལས་སྨད་ཉ་ལམ་དུང་ལས་ཨིན། ཨ་ཞེ་རིན་ཆེན་ལས་ སྲསམོ་ དཔལ་སྒྲོན་དང་དབྱངས་འཛོམས་སྐུ་འཁྲུངས་་ཡོདཔ་དང་ ཨ་ཞེ་ གླུ་མོ་ལས་ སྲསམོ་ དབང་མོ་ སྲས་འགྱུར་མེད་རྡོ་རྗེ་དང་ ཀརྨ་འཕྲིན་ལས་ དེ་ལས་ འཇིགས་མེད་དབང་ཕྱུག་ཚུ་སྐུ་འཁྲུངས་་ནུག།


"https://dz.wikipedia.org/w/index.php?title=ཨོ་རྒྱན་དབང་ཕྱུག&oldid=31227" ལས་ སླར་འདྲེན་འབད་ཡོདཔ།