༉ ཨ་ཅོ་གདོང་དཀར་འདི་ ཧི་མ་ལ་ཡའི་ཤར་ཕྱོགས་དང་ རྒྱ་ནག་གྱི་ལྷོ་ནུབ་ཁ་ཐུག་གི་ས་གནས་ཚུ་ནང་གནས་པའི་ གཅན་གཟན་གྱི་རིགས་ཅིག་ཨིན། གཅན་གཟན་འདི་ སྤུ་ཁ་དམར་སྨུག་ མཇུག་མ་རིངམ་སྦེ་ཡོདཔ་དང་ བཟོ་རྣམས་བྱི་ལི་བཟུམ་སྦེ་ཡོདཔ་ཨིན། སེམས་ཅན་འདི་ ཨོ་འཐུང་སེམས་ཅན་གྱི་རིགས་ནང་ཚུད་དོ་ཡོདཔ་དང་ འཛམ་གླིང་རི་དྭགས་སྲུང་སྐྱོབ་སྤྱི་ཚོགས་ཀྱིས་ འཛམ་གླིང་ནང་ལས་ཡལ་འགྱོ་ནིའི་ཉེན་ཁ་སྦོམ་ཡོད་པའི་སེམས་ཅན་གྱི་ཐོ་ནང་ མཚན་རྟགས་དམརཔོ་བཀོད་དེ་ཡོད་པའི་སེམས་ཅན་ཅིག་ཨིན། ད་རེས་སེམས་ཅན་འདི་ ཧི་མ་ལ་ཡ་ལུང་ཕྱོགས་རྒྱ་ནག་ བལ་བུ་ འབྲུག་དང་རྒྱ་གར་ལ་སོགས་པའི་རྒྱལ་ཁབ་ཀྱི་ས་གནས་ བསིལ་དྲོད་དང་ལྡན་མི་ཚུ་ནང་མཐོང་དོ་ཡོདཔ་ཨིན།
ཨ་ཅོ་གདོང་དཀར་འདི་ ཤིང་གུ་འཛེགས་ནི་ལུ་ རྩལ་དྲགས་ཡོད་པའི་སེམས་ཅན་ཅིག་ཨིནམ་ལས་ ཤིང་གི་འདབ་མ་དང་མེ་ཏོག་ དེ་ལས་ ཤིང་འབྲས་ཚུ་ཟ་དོ་ཡོདཔ་དང་ གཙོ་བོ་སྦ་གི་ལྕུག་གུ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། འདི་མ་ཚད་སྒོང་རྡོག་དང་ཤིང་གི་སྤགས་ཀོ་ འཕྲལ་འཕྲལ་བྱ་དང་སེམས་ཅན་ཆུང་ཀུའི་རིགས་དང་ ཉའི་རིགས་ཚུ་ཡང་བསད་དེ་ཟ་དོ་ཡོདཔ་ཨིན། གཞན་ཡང་ ཤ་མུ་དང་ཤིང་གི་ར་ཏོ་ ལྷོན་ལྡུམ་དང་རྩའི་རིགས་ཚུ་ཡང་ཟ་དོ་ཡོདཔ་ཨིན། ཨ་ཅོ་གདོང་དཀར་ཚུ་ ཤིང་གི་ཞལ་ལག་དང་ཤིང་སྡོང་ཚུ་ནང་སྡོད་དོ་ཡོདཔ་དང་ ཉིན་མ་བ་ནུབ་མོ་བྱེལ་བྱ་ཆེ་བའི་སེམས་ཅན་ཅིག་ཨིན། འདི་འབདཝ་ལས་ ཉིམ་ནུབ་ལུ་འཛུལ་ཁམས་ཅིག་ལས་ ལྟོ་འཚེལ་ནི་དང་རང་གི་སྡོད་གནས་ཚུ་སྐོར་སྲུང་འབད་ནི་ཚུ་འགོ་བཙུགས་དོ་ཡོདཔ་ཨིན། སྐོར་སྲུང་འབད་ཐངས་ཡང་ རོ་ཁྱི་བཟུམ་སྦེ་ ཆབ་གསང་བསྡུསཔ་བཏང་སྟེ་རྟགས་བཀལ་བཞག་དོ་ཡོདཔ་ཨིན།
ཨ་ཅོ་གདོང་དཀར་གྱི་ཚེ་ཚད་ ལོ་ ༨ དང་ ༡༠ གི་བར་ནང་ཨིནམ་དང་ ལ་ལུ་གིས་ལོ་ ༡༥ དེ་ཅིག་སྡོད་ཚུགས་དོ་ཡོདཔ་ཨིན། དེ་ལས་ སེམས་ཅན་འདི་གིས་ཕྱུག་གུ་འཚའ་ནི་ལུ་ དུས་ཡུན་ཟླཝ་ ༡༨ འགོར་དོ་ཡོདཔ་དང་ ཕྱུག་གུ་འཚའ་ཞིནམ་ལས་ ལོ་གཉིས་དེ་ཅིག་གི་རྒྱབ་ལས་ དྲནམ་ཁུག་སྟེ་ རང་གིས་ལྟོ་འཚོལ་ཏེ་ཟ་ཚུགསཔ་འགྱོ་དོ་ཡོདཔ་ཨིན།
འཛམ་གླིང་རི་དྭགས་སྲུང་སྐྱོབས་སྤྱི་ཚོགས་དང་འཁྲིལཝ་ད་ ཨ་ཅོ་གདོང་དཀར་གྱི་གྱངས་ཁ་འདི་ སྤྱི་ལོ་ ༢༠༠༨ ལུ་ སྟོང་ཕྲག་བཅུ་ཐམ་ དེ་ཅིག་ཡོདཔ་ཨིན་རུང་ ལོ་གཅིག་བ་ལོ་གཅིག་ གྱངས་ཁ་མར་ཉམས་འགྱོ་དོ་ཡོདཔ་ཨིན། འདི་ཡང་ འཛམ་གླིང་ས་གཤིས་འགྱུར་བ་དང་བསྟུན་ ཁོང་འཁྱམས་སའི་ས་ཁོངས་ཚུ་ལུ་གནོད་རྐྱེན་བྱུང་སྟེ་ གནམ་གཤིས་འཕྲོད་བསྟེན་དང་མ་མཐུན་པའི་རྐྱེན་གྱིས་ ཉམས་འགྱོ་དོ་ཡོདཔ་དང་ རྒྱུ་མཚན་གཅིགཔོ་འདི་ སེམས་ཅན་འདི་གི་སྤུ་ཁ་འཇའ་ཆི་ཆི་ཡོདཔ་ལས་ མི་ཚུ་གིས་ལྤགས་ཀོ་ཚོང་འབྲེལ་གྱི་དོན་ལུ་ བསད་དོ་ཡོདཔ་ཨིན། འདི་འབདཝ་ལས་ སེམས་ཅན་འདི་གི་རིགས་འདི་ མ་འོངས་པའི་ནང་མེདཔ་འགྱོ་ནིའི་ ཉེན་ཁ་སྦོམ་ཕོག་འདི་ཡོདཔ་ཨིན།

ཁུངས་གཏུག།

ཞུན་དག

Wikipedia contributors. (2021).Red Panda. In Wikipedia, The Free Encyclopedia. Retrieved from https://en.wikipedia.org/wiki/Red_panda

"https://dz.wikipedia.org/w/index.php?title=ཨ་ཅོ་གདོང་དཀར།&oldid=31268" ལས་ སླར་འདྲེན་འབད་ཡོདཔ།