ཧཱ་བོན་སྐོར། Haa Bongo
༉ འབྲུག་རྒྱལ་ཁབ་ཀྱི་ལུང་ཕྱོགས་སོ་སོའི་ནང་ལས་ཕར་ དུས་སྟོན་མ་འདྲཝ་ཚུ་ཡོངས་གྲགས་སྦེ་བརྩི་སྲོལ་ཡོད་དོ་བཟུམ་སྦེ་ར་ ཧཱ་རྫོང་ཁག་ནང་ལུ་ ཧཱ་བོན་སྐོར་ཟེར་མི་གི་དུས་སྟོན་འདི་གནམ་མེད་ས་མེད་ཡོངས་གྲགས་ཅན་གྱི་དུས་སྟོན་ཅིག་ཨིན། དེ་ཡང་ཧཱ་རྫོང་ཁག་གི་མི་སྡེ་མང་ཆེ་ཤོས་ཀྱི་ར་ཧཱ་བོན་སྐོར་འདི་ལོ་གསུམ་གྱི་བར་ན་ཚར་རེ་བརྩི་སྲུང་འབདཝ་ཨིན་མས། མི་སྡེ་སོ་སོ་གི་བོན་སྐོར་ཨ་ཙི་མ་འདྲཝ་རེ་སྦེ་བརྩི་སྲོལ་ཡོདཔ་ཨིན། དེ་ཡང་སྐྱིདཔ་རི་བོན་སྐོར། འདམ་ཆུ་བོན་སྐོར། ཚྭ་འཕེལ་བོན་སྐོར། དཀར་ནག་བོན་སྐོར་ཚུ་འབྲུག་པའི་ཟླཝ་ ༡༢ པའི་ཚེས་ ༡༡ ལུ་བརྩི་སྲུང་འབདཝ་ཨིནམ་དང་ བཱ་ལི་བོན་སྐོར་འདི་ཟླཝ་ ༡ པའི་ཚེས་ ༥ ལུ་བརྩི་སྲུང་འབདཝ་ཨིན་མས། ཧཱ་རྫོང་ཁག་ནང་ལུ་ཡངས་ཐང་གཡུས་ཚན་འདི་ཧཱ་ཁྲོམ་ཁ་ལས་ ཧ་ལམ་དུས་ཡུན་ཀི་ལོ་མི་ཊར་གསུམ་དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན་མས། དེ་ཁར་ཁྱིམ་གུང་ལྔ་བཅུ་དེ་ཅིག་ཡོདཔ་ཨིནམ་དང་ དེ་ཁར་གྱི་མི་ལ་ལུ་ཅིག་གིས་ཧཱ་བོན་སྐོར་བརྩི་སྲུང་འབད་མི་འདི་ འབྲུག༌གིས༌བོད༌དམག༌དང༌ཕྱད༌མདའ༌རྐྱབ༌པའི༌སྐབས༌
ལུ༌ཁོང༌ཆ༌ཁྱབ༌ཀྱིས༌བོད་ཀྱི༌དམག༌ལས༌རྒྱལ༌ཁ༌ཐོབ༌ནིའི༌དོན༌ལུ་ དམག༌མི༌དང༌དཔའ༌གཟརཔ་སྦེ་༌ཕྱག༌ཞུ་ཞིན༌ན༌བོད༌དམག༌ལས༌ རྒྱལ༌ཁ༌ཐོབ༌ནི༌གི༌ལཱ༌དང༌ རྒྱབ༌སྐྱོར༌སྦོམ༌འབད༌ཡོདཔ༌ཨིནམ༌སྦེ༌བཤད༌ནི༌འདུག། རྒྱུ༌མཚན༌འདི༌གིས༌སྦེ༌ ཁོང༌ཆ༌ཁྱབ༌ཀྱིས༌བོན༌སྐོར༌འདི༌ བོད༌དམག༌ལས༌ རྒྱལ༌ཁ༌ཐོབ༌པའི༌རྟེན༌འབྲེལ༌ཅིག༌སྦེ༌བརྩི༌སྲུང༌འབདཝ༌ཨིན༌ཟེར༌བཤད༌ནི༌འདུག། ཡངས༌ཐང༌གི༌བོན༌སྐོར༌འདི༌ ལོ༌གསུམ༌ གྱི༌ནང༌ལུ༌ཚར༌རེ༌བརྩི༌སྲུང༌ཞུཝ༌ཨིན༌མས། དེ༌ཡང༌འ༌ནཱི༌དམིགས༌བསལ༌གྱི༌ཡངས༌ཐང༌བོན༌སྐོར༌འདི༌ བརྩི༌སྲུང༌ཞུ༌བའི༌སྐབས༌ལུ༌ དཔའ༌བོ༌ རྐྱབ༌མི༌དཔའ༌བོ༌ཅིག༌དང༌ རྣལ༌འབྱོརམོ༌ཅིག༌སྤ༌རོ༌ལས༌གདན༌འདྲེན༌ཞུ༌དགོ༌དོ༌ཡོདཔ༌ཨིན༌མས། ཁོང༌ར༌ཆ༌ཁྱབ༌ཀྱིས༌ ཤུལ༌མའི༌བོན༌སྐོར༌ གྱི༌རྩ༌བོ༌སྦེ༌ ངོས༌འཛིན༌འབད༌དེ༌ཡོད༌མི༌གནསཔོ༌འདི༌ སྤ༌རོ༌ལུ༌དཔའ༌བོ༌དང༌རྣལ༌འབྱོརམོ༌གདན༌འདྲེན༌ཞུ༌བར༌ འགྱོ༌དགོ༌དོ༌ཡོདཔ༌མ༌ཚད༌ དོ༌རུང༌བོན༌སྐོར༌འདི༌བརྩི༌སྲུང༌ཞུ༌ཚར༌བའི༌ཤུལ༌ལས༌ ལོག༌བསྐྱལ༌བར༌འགྱོ༌དགོ༌དོ༌ཡོདཔ༌ཨིན༌མས། ལོ༌གསུམ༌ལུ༌ཚར༌རེ༌ བརྩི༌སྲུང༌ཞུ༌མི༌ བོན༌སྐོར༌འདི༌གི༌རྩ༌བོ༌ཡང༌ན༌ གནསཔོ༌འདི༌ཁོང༌ར༌ཆ༌ཁྱབ༌ཀྱི༌མི༌སྡེ༌ནང༌ལས༌ སྐོར༌རྒྱབ༌སྦེ༌གདམ༌འཐུ༌འབད༌ཞིན༌ན༌ ཤུལ༌མའི༌བོན༌སྐོར༌ གྱི༌སྐབས༌ལུ༌བཅའ༌སྒྲིག༌ཚུ༌ག༌ར༌རྐྱབ༌དགོཔ༌ཨིན༌མས།
ས༌གནས༌དེ༌གི༌རྒན༌ཤོས༌ཚུ༌གི༌སླབ༌མི༌ནང༌ལུ༌ ཁོང༌ཆ༌ཁྱབ༌ཀྱི༌གཡུས༌ཚན༌ནང༌ལུ་ བོན༌སྐོར༌བརྩི༌སྲུང༌ཞུ༌མི༌འདི༌ཧེ༌མ༌དུས༌རབས༌ ༡༩ པའི༌ནང༌ལུ༌གོང༌ས༌ འཇིགས༌མེད༌རྣམ༌རྒྱལ༌གྱི༌ངོ༌བསྒང༌ལུ༌ར༌འདུག༌ཟེར༌བཤད༌ནི༌འདུག། ཨིན༌རུང༌དུས༌ཚོད༌དེ༌ཅིག༌ཁར༌འགོ༌བཙུགས༌ཡོད༌ཟེར༌ ཡིག༌ཆ༌ཚུ༌ག༌ནི༌ཡང༌གསལ༌སྟོན༌འབད༌ནི༌མེད༌རུང༌ ཁོང༌ཆ༌ཁྱབ༌ཀྱིས༌སླབ༌མི༌ནང༌ཡངས༌ཐང༌གཡུས༌སྒོ༌ ནང༌ལུ༌དེ༌སྦེ༌བོན༌སྐོར༌བཙུགས༌དགོ༌པའི༌ བཀའ༌རྒྱ༌འདི༌ཡང༌ གཞུང༌གི༌ཆེ༌མཐོའི༌འགོ༌དཔོན༌ལས༌བཀའ༌ཕེབས༌ཏེ༌གིས༌ འགོ༌བཙུགས༌ཡོདཔ༌སྦེ༌སླབ༌ཨིན༌མས། བོན༌སྐོར༌གྱི༌ལས༌རིམ༌དངོས༌གཞི༌འདི༌ ཕྱི༌རུ༌ཁམས༌ཅིག༌ཁར༌ལས༌འོག༌བཙུགས༌ཏེ༌ དུས༌སྟོན༌བརྩི༌སྲུང༌འདི༌ ཤུལ༌མའི༌ཉིནམ༌ལུ༌ཡང༌ འཕྲོ༌མཐུད༌དེ༌ར༌འབདཝ༌ཨིན༌མས། དཔའ༌བོ༌དང༌རྣལ༌འབྱོརམ༌འདི༌གིས༌གནས༌ཁང༌ནང༌ལུ༌སྨོན༌ལམ༌བཏབ༌སྟེ༌སྒོམ༌རྐྱབ༌སྦེ་ དེ༌ཚེ༌ཕྱི་རུ་ཞག༌ཡང༌གནས༌ཁང༌ནང༌ལུ༌སྡོད་དགོཔ་ཨིན༌མས། དེ་ལས་གཡུས་ཁའི་དཔའ་མཛངསཔ་ཚུ་ཡང་ས་གནས་དེ་ཁར་ ཉིནམ་འདི་གི་ཕྱི་རུ་ར་འཛོམས་དགོཔ་ཨིནམ་ལས་ ཁོང་ཆ་ཁྱབ་ཞག་ཨམ་སྲུ་དང་གཅིག་ཁར་སྡོད་མ་ཆོགཔ་ཨིན་མས། བོན་སྐོར་གྱི་བྱ་རིམ་ངོ་མ་འདི་རྣལ་འབྱོརམོ་དང་དཔའ་མཛངསཔ་གིས་ གླུད་གཏོར་འདི་ངོས་འཛིན་འབད་ཡོད་པའི་ས་གནས་ཁར་ གཤགས་ཞིནམ་ལས་འགོ་བཙུགསཔ་ཨིན་མས། རྣལ་འབྱོརམོ་དང་དཔའ་གཟརཔ་གིས་གླུད་འདི་གཤགས་པར་འབག་པའི་བསྒང་ལུ་ དཔའ་བོ་འདི་གནས་ཁང་ནང་ལུ་ར་སྡོད་དགོཔ་ཨིན་མས།
ཉིནམ་གཉིས་པམ་ནང་ལུ་བོན་སྐོར་འདི་ དོ་རུང་གླུད་གཏོར་གཞན་མི་འདི་ གཤགས་ནི་གིས་བཅའ་སྒྲིག་རྐྱབ་སྟེ་འགོ་བཙུགསཔ་ཨིན་མས། འདི་གི་སྐབས་ལུ་དཔའ་བོ་དང་ རྣལ་འབྱོརམོ་གཉིས་ཆ་ར་གླུད་གཏོར་དང་གཅིག་ཁར་འགྱོཝ་ཨིནམ་མ་ཚད་ གསུས་སྒོ་འདི་གི་དཔའ་གཟརཔ་ཚུ་ཡང་གོ་ལ་དང་མཚོན་ཆ་ཚུ་གྱོན་ཏེ་ གླུད་གཏོར་འདི་གཤགས་ས་ལུ་དཔའ་བོ་དང་རྣལ་འབྱོརམོ་གཅིག་ཁར་འགྱོཝ་ཨིན་མས། དེ་བསྒང་གཡུས་ཁའི་མི་སེར་ཚུ་ག་ར་གཅིག་ཁར་དགའ་དགའ་སྐྱིད་སྐྱིད་ཀྱི་ཐོག་ལས་འཛོམས་སྦེ་ གཡུས་ཁའི་ཞབས་ཁྲ་རྣམ་པ་སྣ་ཚོགས་སྤྱན་འབུལ་ཞུ་མི་དང་གཅིག་ཁར་ དཔའ་བོ་དང་རྣལ་འབྱོརམོ་གཉིས་ཀྱི་བར་ན་རྩོད་བསྡུར་འབད་བའི་ཤུལ་ལས་ དཔའ་བོ་དང་རྣལ་འབྱོརམོ་ལུ་མི་ཚུ་གིས་བཀྲིན་དགའ་ཚོར་གྱི་གཏང་རག་ལུ་ ཁ་དར་ཕུལཏེ་དུས་སྟོན་འདི་བརྩི་སྲུང་ཞུཝ་ཨིན་མས། དེ་གི་ཤུལ་ལས་དེ་ཁར་འཛོམས་མི་གཡུས་ཁའི་མི་སེར་ག་ར་གིས་ དཔའ་བོ་དང་རྣལ་འབྱོརམོ་གཉིས་ལུ་བཀྲིན་དགའ་ཚོར་བསམ་ནི་དོན་ལུ་སྙན་དར་ཕུལ་ཞིན་ན་ ཤུལ་མའི་ལོ་གཅིག་གི་ནང་ལུ་ཁོ་རའི་ལོ་ཚད་དང་འཁྲིལ་བའི་མོ་བཏབ་རྩིས་བཏབ་ཚུ་སྤྲོ་བའི་ཐོག་ལས་འབདཝ་ཨིན་མས། ས་གནས་ཀྱི་མི་ངོམ་རེ་རེ་བཞིན་དུ་གིས་མོ་བཏབ་རྩིས་བཏབ་འབད་བའི་ཤུལ་ལས་ དཔའ་བོ་དང་རྣལ་འབྱོརམོ་གཉིས་ཀྱིས་གཡུས་སྒོ་འདི་ནང་ལུ་ད་རེས་ཀྱི་ལོ་གཅིག་ནང་ལུ་ བཟང་པོ་དང་ངན་པ་ག་ཅི་ར་འབྱུང་ནི་ཨིན་ན་དང་དེའི་བཟློག་ཐབས་ཚུ་ཡང་བཤད་དེ་བྱིནམ་ཨིན་མས། དེ་ལས་མི་སེར་ཚུ་གི་སྤྱི་རུབ་ཀྱི་ཐོག་ལས་དཔའ་བོ་དང་རྣལ་འབྱོརམོ་གི་ མོ་ནང་ལས་ཐོན་པའི་ གཡུས་སྒོའི་བཟློག་ཐབས་ཀྱི་རིམ་འགྲོ་ཚུ་ཡང་འབདཝ་ཨིན་མས། (བསོད་ནམས་ཆོས་འཕེལ། གནམ་ལོ་མེད། སྤྱི་ལོ་མེད། འབྲུག་ཤེས་རྒྱུན་ཞིབ་འཚོལ།)
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. བསོད་ནམས་ཆོས་འཕེལ། ཧཱ་གཡང་ཐང་ཁ་གི་བོན་སྐོར་དུས་སྟོན། གནམ་ལོ། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://texts.mandala.library.virginia.edu/sites/mandala-texts.lib.virginia.edu/files/Bongkor%20Festival-ph.pdf