སྤྲོས་བཟོ།
༉ སྤྲོས་བཟོ་རིག་པ་ཟེར་མི་འདི་ རྒྱུ་གསེར་དངུལ་དང་ཟངས་ཚུ་ལས་ མཆོད་ཆས་ཀྱི་རིགས་ དཔེར་ན་ དུང་། རྒྱ་གླིང་། རྐང་དུང་། མཎྜལ། མཆོད་ཏིང་། པད་སྡེར། བུམ་པ། ཐང་ཀའི་ཏོག། ཚེ་གཏོར་ལ་སོགས་པ་ཚུ་དང་ སྐུའི་རིན་པོ་ཆེ་གི་རྒྱན་ དཔེར་ན་ དབུ་རྒྱན། མགུལ་རྒྱན། སྙན་རྒྱན། དཔུང་རྒྱན། ཕྱག་གདུབ་ཚུ་དང་ འཇིག་རྟེན་ཕོ་མོ་ཚུ་གི་མཛུབ་དཀྱི། གའུ། སིན་ཅུ། ཀོ་མ། གདོབ་ཅུ། བ་ཁྲ་ཚུ་དང་ དཔའ་རྟགས་ཀྱི་ཤུབས། བཀྲ་ཤིས་རྟགས་བརྒྱད་དང་ རྒྱལ་སྲིད་སྣ་བདུན། འབྲུག་རིས་པ་ཏྲའི་རི་མོ་ལ་སོགས་པའི་ མཛེས་རྒྱན་སྣ་ཚོགས་ སྤྲོས་བཟོ་མཁན་གྱིས་ ཚགས་སྤྲོས་དང་འཇམ་སྤྲོས་གཉིས་ཀྱི་ཐོག་ལས་ བཟོ་སྐྲུན་འབད་མི་དེ་ལུ་སླབ་ཨིན། སྤྲོས་བཟོ་རིག་པ་དེ་ཡང་ སྔོན་དང་ཕུ་ལས་དར་ཏེ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ཡང་ འཇིམ་བཟོཔ་ཚུ་གིས་ སྐུའི་མགུལ་རྒྱན་དང་སྙན་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་ཚུ་ འདམ་པ་གིས་བཟོ་སྲོལ་ཡོད་དོ་བཟུམ་སྦེ་ སྦྱིན་བདག་འབྱོར་པ་ཅན་ཚུ་གིས་ རིན་པོ་ཆེའི་རྒྱན་ཚུ་ གསེར་དང་དངུལ་ཚུ་གིས་ སྤྲོས་བརྐོ་སྟེ ཕུལ་སྲོལ་ཡོདཔ་ཨིན་མས། དེ་མ་ཚད་ སྔོན་གྱི་དུས་ལུ་ རྒྱལཔོ་དང་བླ་ཆེན་ཚུ་གི་བཞུགས་ཁྲི་ཚུ་ཡང་ གསེར་དང་དངུལ་གྱིས་བརྡུངས་ཞིནམ་ལས་ རི་མོ་སྣ་ཚོགས་ཀྱིས་སྤྲོས་བརྐོ་སྟེ་ཡོད་ནི་འདི་གིས་ ཆོས་འབྱུང་དང་རྒྱལ་རབས་ཚུ་ནང་ གསེར་ཁྲི་དང་དངུལ་ཁྲི་ཟེར་དར་ཁྱབ་བྱུང་ཡོད་མི་ཚུ་ དེ་ལས་བརྟེན་ཏེ་ཨིན་མས། ཧེ་མ་ སྡེ་སྲིད་ ༡༦ པ་ བསོད་ནམས་ལྷུན་གྲུབ་ཡང་ན་སྡེཔ་གཞི་དར་གྱི་འགོ་འདྲེན་ཐོག་ལས་ ཞབས་དྲུང་གི་ཐུགས་རྟེན་ མཆོད་རྟེན་གསེར་ལྗང་རྡུང་དང་ བཀྲ་ཤིས་སྒོ་མང་། དབྱེན་ཟླུམ་མཆོད་རྟེན་གཉིས་ཡང་ རྒྱུ་དངུལ་རང་འབྱུང་གི་ཚགས་སྤྲོས་དང་འཇམ་སྤྲོས་ལུ་མཁས་པའི་འབྲུག་གི་སྤྲོས་བཟོཔ་ཚུ་གིས་ བཟོ་བའི་ལོ་རྒྱུས་ཚུ་ཡང་ཡོདཔ་ཨིན། གཞན་ཡང་ སྤུངས་ཐང་རྗོང་གི་ཀུན་དགའ་ར་བའི་སྟེང་ཐོག་གི་གསེར་གྱི་རྒྱ་ཕིབས་དེ་ཡང་ སྤྲོས་བཟོཔ་ཚུ་གིས་བཞེངས་གནང་བའི་སྐོར་ལས་ ལོ་རྒྱུས་ཚུ་ཡོདཔ་ཨིན་པས།
སྤྲོས་རྐོ་ལུ་ དབྱེ་བ་མ་འདྲཝ་ ཚགས་སྤྲོས་དང་ འཇམ་སྤྲོས་ཟེར་གཉིས་ཡོདཔ་ཨིན། ཚགས་སྤྲོས་ཟེར་མི་འདི་ སྤྲོས་བཟོཔ་ཚུ་གིས་ སྦྱིན་བདག་གི་བློ་འདོད་དང་འཁྲིལ་ཏེ་ གསེར་དངུལ་གྱི་རྒྱན་ཆ་ཚུ་ལུ་ རི་མོ་མ་འདྲཝ་ བཀྲ་ཤིས་རྟགས་བརྒྱད་དང་འབྲུག་རིས། ཙི་པ་ཏྲ། ཤིང་ལོ་པ་ཏྲ། འཁོར་ལོ་ལ་སོགས་པ་ཚུ་ འབུར་བཏོན་ཏེ་སྤྲོས་བརྐོ་་མི་ལུ་ སླབ་ཨིན། དེ་སྦེ་མེན་པར་ རི་མོའི་རྒྱུ་ལམ་དང་བསྟུན་ འབུར་མེདཔ་སྦེ་ སྤྲོས་བརྐོ་བ་ཅིན་ འཇམ་སྤྲོས་ཟེར་སླབ་ཨིན་པས། སྤྲོས་རྐོ་བའི་སྐབས་ གསེར་དང་དངུལ་ག་ཅི་ར་ཨིན་རུང་ བཞུ་ཀོང་ཡང་ན་་རྫམ་ནང་བཞུ་ཞིནམ་ལས་ མགར་སྟེགས་གུར་བཀལ་ཏེ་ སྲབ་སྟུག་རན་ཏོག་ཏོ་ ཐོཝ་གིས་བརྡར་ཏེ་བཟོཝ་ཨིན། དེ་ལས་ དང་པ་ར་ རྒྱན་ཆ་ག་ཅི་བཟོ་ནི་ཨིན་རུང་ དེ་གི་བཟོ་དབྱིབས་ཐིག་ཚད་དང་ལྡན་ཏོག་ཏོ་གིས་མ་བཟོ། གཉིས་པ་ ཚགས་སྤྲོས་དང་འཇམ་སྤྲོས་གང་རུང་གི་ཐོག་ལས་ མཛེས་ཏོག་ཏོ་བཟོ་ནི་ལུ་སྤྲོས་བཟོ། གསུམ་པ་ དེ་གི་ཐོག་ཁར་ཕྲེང་རྡོག་བཀལ། ཕྲེང་རྡོག་ཟེར་མི་འདི་ ཀོ་མ་དང་བ་ཁྲ་གི་སྒོར་ཐིག་དང་། བུམ་པ་དང་མཎྜལ། ཚེ་གཏོར་ཚུ་གི་མཐའ་འཁོར་ལུ་ ཕྲེང་བའི་བཟོ་དབྱིབས་བཟུམ་གྱིས་བརྒྱན་ཏེ་བཟོ་མི་ལུ་སླབ་ཨིན། མཇུག་ར་ མཐའ་དཔྱད་ཀྱི་རིམ་པ་ཟེར་ གཟོང་དང་གསེག་རྡར་གྱིས་ ལེགས་བཅོས་དང་་ཞུན་དག་རྐྱབ་ནི་ལ་སོགས་པའི་ལཱ་གི་རིམ་པ་བཞི་དེ་ཅིག་འབད་དགོཔ་ཨིན།
སྤྲོས་རྐོའི་ལཱ་འདི་འབད་བའི་སྐབས་ སྤྲོས་བཟོཔ་ཚུ་ལུ་ ཉེ་བར་མཁོ་བའི་ཅ་ཆས་ལེ་ཤ་དགོཔ་ཨིན། དང་པ་ དངུལ་རྒྱུ་འཇམ་སམ་བརྡར་ནི་དང་ མ་བཟོ་བཟོ་ནིའི་དོན་ལུ་ ཁ་ཀྲམ་ཤིང་། འཕྲུལ་འཁོར་ལྕགས་ངར། བར་ཐོ། སྦུབས་ཐོ་བཅས་བཞི་དགོཔ་ཨིན། དེ་ལས་ སྐོར་ཐིག། ཕུད་གཟོང་། གཏིང་གཟོང། མཐའ་གཟོང་། འབུར་གཟོང་། ཁ་རལ་གཟོང་། འཁྱམ་རྡོ་གཅད་ནིའི་གཟོང་། ཕྲེང་རྡོག་བཙབ་ནིའི་གཟོང་། ཐོ་ཅུང་། བར་ཐོ་དང་ཐོཝ་སྦོམ་ཚུ་ ཚགས་སྤྲོས་དང་འཇམ་སྤྲོས་གཉིས་ཆ་རའི་སྐབས་ལུ་ ཉེ་བར་མཁོ་བའི་ཅ་ཆས་ཚུ་ཨིན།
མཇུག་ར་ སྤྲོས་བཟོ་འདི་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུ་ལས་དར་སྲོལ་ཡོད་པའི་ལམ་སྲོལ་བཟང་པོ་ཅིག་ཨིན། དེ་མ་ཚད་ སྤྲོས་བཟོ་གི་རྒྱན་ཆ་ དཔེར་ན་ ཀོ་མ། མཛུབ་ཅུང་། སིན་ཅུ། གདོབ་ཅུ་ཚུ་ལག་ལེན་འཐབ་ནིའི་ལམ་སྲོལ་འདི་ ད་རེས་ནངས་པའི་དུས་ལུ་ཡང་ ཡོངས་གྲགས་ཅན་ཅིག་ཡོདཔ་མ་ཚད་ མཆོད་ཆས་ཀྱི་རིགས་མ་འདྲཝ་ཚུ་ཡང་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ནང་ལུ་ མེད་ཐབས་མེདཔ་ཅིག་ཨིན། དེ་མ་ཚད་ རྒྱན་ཆས་དང་མཆོད་ཆས་དེ་ཚུ་ དེང་སང་གི་དུས་ལུ་ ཚོང་འབྲེལ་གྱི་གཞི་ཅིག་ཨིནམ་ལས་ སྤྲོས་བཟོཔ་དང་ཚོང་པ་གཉིས་ཆ་ར་གིས་ དངུལ་གྱི་འོང་འབབ་འབོར་ཆེ་ཏོག་ཏོ་བཟོ་ཚུགས་དོ་ཡོདཔ་ཨིན། དེ་འབདཝ་ལས་ ལམ་སྲོལ་འདི་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་འདི་ འབྲུག་མི་ཡོངས་ཀྱི་འགན་ཁུར་ངོ་མ་ཅིག་ཨིན་ནོ།
ཁུངས་གཏུག།
ཞུན་དག- ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
- མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།