སྤྱན་རས་གཟིགས་ཀྱི་སྒོ་ནས་རུལ་བུ་སྒྲུབ་ཐབས།

༄༅། །སྤྱན་རས་གཟིགས་ཀྱི་བུམ་སྒྲུབ་བཞུགས་སོ།

།སྤྱན་རས་གཟིགས་ཀྱི་སྒོ་ནས་རིལ་བུ་སྒྲུབ་ན། རྒྱས་པར་དཀྱིལ་འཁོར་བཅས། དེའི་དབུས་སུ་རིལ་བུ་གང་བའི་བུམ་པ་གཟུགས་རྡོར་བཅས་བཞག །མཐའ་མཆོད་པས་བསྐོར། བདག་བསྐྱེད་རྫོགས་ནས་དཀྱིལ་འཁོར་ཡོད་ན་དེར་ལྷ་བསྐྱེད། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་ནང་དུ་བུམ་རྫས་ཀྱི་རིལ་བུ་རྣམས་ཧྲཱིཿདཀར་པོ་ལ། ཧྲཱིཿ སྔོ་སེར་དམར་ལྗང་གིས་བསྐོར་བ། དེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། དེ་བཞིན་གཤེགས་པ་རྣམས་མཆོད། བྱིན་རླབས་བསྡུས། ཡོངས་སུ་གྱུར་པ་ལས་པདྨ་ས་བོན་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རིགས་ལྔ་སྤྱན་རས་གཟིགས་ཐམས་ཅད་ཞི་བ། ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ཤེལ་འཕྲེང་། གཡོན་གཉིས་པ་པདྨ་རང་རང་གི་མདོག་མཐུན་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་སྤྱི་བོ་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཞེས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀ་ནས་འོད་འཕྲོས། དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར། སྐུ་གང་དྲི་མ་དག །ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་རིགས་ཀྱི་བདག་པོ་འོད་དཔག་མེད་ལྔས་དབུ་བརྒྱན་པར་བསམ། མཆོད་པ་ནི། ཨོ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱཧཱ། དེ་བཞིན། པདྱཾ་ནས་ ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། སྲིད་པའི་འཇིགས་ལས་སྐྱོབ་པ་དང་། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་ནས་གཟུངས་ཐག་བླ་མའི་ཕྱག་ཏུ་ཕུལ། བཟླས་དམིགས་ནི། སྔགས་འཕྲེང་བདག་གིས་ཐུགས་ཀ་ནས་གཟུངས་ཐག་ལ་འཁྲིལ་ཏེ། བུམ་ནང་གི་རིགས་ལྔ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ་སྐུ་ལས་འོད་ཟེར་གང་ལ་གང་འདུལ་གྱི་འཕྲིན་ལས་མཛད་པས་སེམས་ཅན་ཐམས་ཅད་ཐུལ་ཏེ་སྤྱན་རས་གཟིགས་སུ་སོང་། སླར་འདུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པས་བསྡུས་ནས་རང་རང་ལ་ཐིམ་པར་བསམ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླས། ཐུན་འཇོག་ཁར། མཐར་བུམ་ནང་གི་ལྷ་རྣམས་ཡེ་ཤེས་ཀྱི་བདུད་རྩིར་སྟེམ་སྟེམ་ཞུ་ཁོལ་ཞིང་ལུད་པ་རིལ་བུའི་རྣམ་པར་གྱུར། ཞེས་བརྗོད། སྤྱན་རས་གཟིགས་ཀྱི་བུམ་སྒྲུབ་འཁྱེར་བདེབ་མེ་རག་མདོ་པའི་སྤྱི་བླ་སངས་བསྟན་འཛིན་གྱིས་བསྐུལ་བའི་ངོར། པདྨ་དཀར་པོས་འབྲུག་ཆོས་ལྡིངས་སུ་སྦྱར་བའོ། །སླར་རབ་བྱུང་བཅུ་བདུན་པ་ལྕགས་མོ་སྦྲུལ་ལོར་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་འཛམ་གླིང་ཞི་བདེའི་སྐུ་རིམ་མ་ཎི་དུང་སྒྲུབ་དང་བསྟུན་རིལ་བུ་སྒྲུབ་སྐབས་འཇིགས་གྲགས་མིང་པས་བཀླག་ཆག་ཏུ་བཀོད་པ་དགེའོ།། །།