སྤང་རི་ཟམ་པ་ལྷ་ཁང་། Pangrizampa Lhakhang

༉ སྤང་རི་ཟམ་པ་འདི་ཐིམ་ཁྲོམ་གྱི་བྱང་ཕྱོགས་ཀྱི་ཟུར་ཁར་ཐིམ་ཆུའི་མཐའ་མར་ཆགས་ཏེ་ཡོད། ལྷ་ཁང་འདི་འབྲུག་རྒྱལ་རབས་ནང་ལུ་མི་ལོ་ ༥༠༠ དེ་ཅིག་སོང་ཡོད་རུང་ སྤྱི་ལོ་ ༢༠༠༣ ལས་འབྲུག་གཞུང་གི་རྒྱལ་འཛིན་རྩིས་གཞུང་མཐོ་རིམ་གྲྭ་ཅིག་སྦེ་འགན་ཁུར་འབག་ཞིནམ་ལས་ཚུར་ ཡོངས་གྲགས་སོང་ཡོདཔ་ཨིན། གྲྭ་ཚང་འདི་གི་ནུབ། བྱང་དང་ལྷོ་ཕྱོགས་ཁ་ཐུག་ལུ་སློབ་ཕྲུག་ཚུ་གི་ཉལ་ཁང་། སློབ་ཁང་དང་བདག་སྐྱོང་གི་ཡིག་ཚང་ཚུ་ཡོད་པའི་ཁར་ བྱང་ཤར་དང་ཤར་ལྷོ་མཚམས་ཀྱི་ཟུར་ཁར་སྒྲིང་ཁྱིམ་རྐྱབ་སྟེ་ཡོད། གཙང་ཆུ་འདི་ཟམ་པ་གིས་ཤར་གྱི་ཕྱོགས་དང་མཐུད་འབྲེལ་འབད་དེ་ཡོད། དེ་ཁའི་ཁྱིམ་ཚོགས་ཚུ་མི་ལོ་བརྒྱ་གཅིག་གི་ཧེ་མ་ དུས་རིམ་གཉིས་སྦེ་རྐྱབ་སྟེ་ཡོདཔ་ཨིན་མས། གོ་རིམ་དང་པ་འདི་བོད་ར་ལུང་གི་གསེར་ཁྲི་ ༡༥ པ་གཟུང་མི་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་གཙོ་བོར་འཛིན་མི་མཁས་གྲུབ་ངག་དབང་ཆོས་རྒྱལ་ (༡༤༦༥-༡༥༤༠) གྱི་ སྦྱིན་བདག་གིས་རྐྱབ་སྟེ་ཡོདཔ་ཨིན། ངག་དབང་ཆོས་རྒྱལ་ཐིམ་ཕུག་ལུ་བཞུགས་པའི་སྐབས་ལུ་ ད་ལྟོ་ཡོད་སའི་ས་གོ་ཁར་འབྲུག་ཕོ་བྲང་ཟེར་མི་ལྷ་ཁང་ཅིག་བཞེངས་ཡོད་མི་དེ་གིས་ ད་རེས་ནངས་པ་བྱང་ཤར་གྱི་ཕྱོགས་ཁ་ཐུག་ལུ་ གསེར་ཏོག་བཀལ་སྦེ་ཐོག་ཚད་གསུམ་ཡོད་མི་ཚུ་ཨིན། ལྷ་ཁང་ཐོག་ཚད་གསུམ་པའི་ཐོག་དང་པ་ནང་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདྲ་དང་ཐོག་ཚད་འོག་མ་ཚུ་ནང་ དཔལ་ལྡན་འབྲུག་པའི་ཆོས་སྲུང་བཀའ་སྲུང་ཚུ་གི་མགོན་ཁང་ཚུ་ཡོདཔ་ཨིན། དེ་ཚུ་གི་གྲས་ལས་དཔལ་ལྡན་འབྲུག་པའི་ཆོས་སྲུང་དྲག་པོ་དཔལ་ལྡན་ཡེ་ཤེས་མགོན་པོ་དང་ དཔལ་ལྡན་ལྷ་མོའི་མགོན་ཁང་ཚུ་ཡོདཔ་ཨིན།

དུས་རིམ་གཉིས་པ་ནང་ལུ་ཞབས་དྲུང་རིན་པོ་ཆེ་ (༡༥༩༤-༡༦༥༡) འབྲུག་རྒྱལ་ཁབ་ནང་ལུ་ཕེབས་ཞིན་ན་བཞེངས་གནང་ཡོདཔ་ཨིན་མས། དེ་ཡང་ཞབས་དྲུང་རིན་པོ་ཆེ་གི་སློབ་མ་འཇམ་དབྱངས་དཔལ་ལྡན་ (༡༦༡༩-༡༦༨༤) གྱིས་བཀོད་མི་ནང་ལུ་ཞབས་དྲུང་རིན་པོ་ཆེ་གི་གཉིད་ལམ་ནང་ལུ་སྤང་རི་ཟམ་པ་གཟིགས་ཏེ་ཡོདཔ་ཨིན་མས། དེ་བསྒང་ཞབས་དྲུང་རིན་པོ་ཆེ་བོད་ར་ལུང་ལུ་བཞུགསཔ་ད་ ནུབམོ་གཅིག་ཁོ་གི་གཉིད་ལམ་ནང་ལུ་བྱ་ཨོ་རོག་སྦོམ་གཅིག་ལྷོ་ཕྱོགས་ཁ་ཐུག་ལུ་འཕུར་འགྱོ་སར་གཟིགས་ཏེ་ ཞབས་དྲུང་རིན་པོ་ཆེ་གིས་བྱ་ཨོ་རོག་གི་རྟིང་བདའ་སྟེ་ལཱ་ལུང་བརྒལ་ཏེ་བྱོནམ་ད་ལུ་ བྱ་ཨོ་རོག་འདི་ལུང་གཤོང་ཅིག་གི་རྩ་བར་ཙན་དན་ཤིང་སྦོམ་གཅིག་གི་ཐོག་ཁར་ཆགས་མི་འདི་ ཤུལ་ལས་ཞབས་དྲུང་གིས་ད་ལྟོ་སྤང་རི་ཟམ་པ་ཟེར་ངོས་འཛིན་གནང་མི་འདི་ཨིན་མས། བྱ་ཨོ་རོག་འདི་ཞབས་དྲུང་གི་གཉིད་ལམ་ནང་ལུ་རྐྱངམ་གཅིག་མེན་པར་ ཤུལ་ལས་དོངས་སུ་སྦེ་འོང་ཞིན་ན་ཞབས་དྲུང་རིན་པོ་ཆེ་ལྷོ་མཱོན་འབྲུག་གི་རྒྱལ་ཁབ་ནང་ལུ་ ལམ་སྣ་འབད་མི་འདི་དཔལ་ལྡན་འབྲུག་པའི་ཆོས་ཀྱི་བསྟན་པ་སྲུང་མི་ ཆོས་སྲུང་དྲག་པོ་མཧཱ་ཀ་ལ་འདི་ཨིནམ་སྦེ་བཤདཔ་ཨིན་མས། འ་ནཱི་ཆོས་སྐྱོང་མཧཱ་ཀ་ལ་འདི་བྱ་ཨོ་རོག་གི་རྣམ་པ་སྦེ་ཡོད་མི་འདི་ འཕྲལ་འཕྲལ་སྦེ་ར་བསམ་དོན་ཆོས་བཞིན་དུ་འགྲུབ་པའི་མཐུན་འགྱུར་འབད་ནིའི་དོན་ལུ་ གསོལ་ཁ་གཏང་སྟེ་ཕྲིན་ལས་བཅོལཝ་ཨིན་མས།

དཔལ་ལྡན་མཧཱ་ཀ་ལ་འདི་འབྲུག་རྒྱལ་ཁབ་ཀྱི་རང་དབང་རང་བཙན་ལུ་གྲོགས་རམ་འབད་མི་ཨིན་ཟེར་ ཞབས་དྲུང་རིན་པོ་ཆེ་གི་ས་ཡིག་ཆེན་མོ་ནང་ལུ་བཀོད་དེ་ཡོདཔ་ཨིན་མས། དེ་ལས་ཞབས་དྲུང་རིན་པོ་ཆེ་གིས་སྤང་རི་ཟམ་པའི་ལྷ་ཁང་གི་སྦོ་ལོགས་ཁར་ ཤར་ལྷོ་མཚམས་ཁ་ཐུག་གི་དཀར་སྦིས་སའི་ཟམ་གྱི་ཟུར་ཁ་ལུ་ལྷ་ཁང་ཅིག་བཞེངས་ཡོདཔ་ཨིན་མས། ལྷ་ཁང་འདི་གི་ཐོག་ཚད་དང་པ་འདི་ཧེ་མ་ཞབས་དྲུང་རིན་པོ་ཆེ་ཁོ་རའི་གཟིམ་ཅུང་ཨིན་རུང་ ད་རེས་ནངས་པ་ཞབས་དྲུང་རིན་པོ་ཆེ་ཁོ་རའི་སྐུ་འདྲ་ཅིག་བཞེངས་ཡོདཔ་ཨིན་མས། བཟོ་བཀོད་རིག་པའི་བྱུང་རབས་མཁས་མཆོག་པི་རི་པཱའི་ཅརཌ་གིས་ སྤར་རི་ཟམ་པའི་ལྷ་ཁང་དང་ དེའི་ནུབ་ཕྱོགས་ཁ་ཐུག་ལུ་ཀི་ལོ་མི་ཊར་གཉིས་དེ་ཅིག་ཁར་ཆགས་ཡོད་པའི་བདེ་ཆེན་ཕུག་གི་ལྷ་ཁང་ གཉིས་ཀྱི་བར་ན་འབྲེལ་བ་དམ་ཟབ་ཡོད་པའི་ལོ་རྒྱུས་བཀོད་དེ་ཡོད་མི་དེ་ཡང་ ཞབས་དྲུང་རིན་པོ་ཆེ་གི་སྤང་རི་ཟམ་པའི་ལྷ་ཁང་འདི་གི་ཆོས་སྲུང་དགེ་བསྙེན་ཇག་པ་མེ་ལོན་གྱི་གསང་ཡུམ་ མཚོ་སྨནམོ་གི་སྐུ་གཟུགས་ཀྱི་བརྡ་མཚོནམ་ཨིནམ་དང་ གསང་ཡུམ་འདི་ཡང་ཐིམ་ཕུག་གི་ཆོས་སྲུང་ཨིནམ་དང་ད་ལྟོ་བདེ་ཆེན་ཕུག་གི་ལྷ་ཁང་གི་ནང་ན་བཞུགས་ཡོདཔ་སྦེ་ཨིན་མས།

ལྷ་ཁང་འདི་ནང་ལུ་ད་རེས་ནངས་པའི་དུས་རབས་ནང་ལུ་ རྒྱལ་ཁབ་ནང་ལུ་གལ་ཅན་གྱི་ལས་སྣ་ཚུ་འགོ་འདྲེན་འཐབ་པའི་སྐབས་ལུ་ རྩིས་རིག་གི་ཁ་ཐུག་ལས་ཕྱག་ལཱ་ལེ་ཤ་མཛད་ནི་གི་འགན་ཁུར་གཙོ་བོ་ཅིག་སྦེ་འབགཔ་ཨིན། དཔེར་ན་སྤྱི་ལོ་ ༢༠༠༨ ལུ་མི་དབང་འབྲུག་རྒྱལ་ལྔ་པ་དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་གི་ཁྲི་མངའ་གསོལ་འདི་ སྤང་རི་ཟམ་པའི་དབུ་འཛིན་གྱིས་རྩིས་གཞུང་ནང་ལུ་ལེགས་ཤོམ་སྦེ་གཟིགས་ཏེ་ དུས་ཚོད་འདི་གཏན་འཁེལ་བཟོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་སྤང་རི་ཟམ་པ་རྩིས་གཞུང་མཐོ་རིམ་སློབ་འདི་ རྒྱལ་བཙུན་ཁྲི་མངའ་གསོལ་གྱི་དུས་སྟོན་གཏན་འཁེལ་དང་ འབྲུག་མངའ་བདག་རྒྱལ་པོའི་རྒྱལ་སྲས་ཀྱི་མཚན་གསོལ་འབད་ནི་གི་འགན་ཁུར་ཚུ་ཡང་འབག་སྟེ་ཡོད། (ཨེ་ཤེ་ཡཱན་གྱི་བཟོ་བཀོད་བྱུང་རབས། གནམ་ལོ་མེད། སྤྱི་ལོ་མེད)

སྤང་རི་ཟམ་པ་རྩིས་གཞུང་མཐོ་རིམ་སློབ་གྲྭ་གིས་ལོ་བསྟར་གྱི་ འབྲུག་གི་ཟླ་ཐོ་འདི་བཏོནམ་ཨིནམ་མ་ཚད་ སྤང་རི་ཟམ་པ་ལྷ་ཁང་འདི་ས་གནས་ཀྱི་མི་སེར་ཚུ་གིས་ཁོག་ར་ཆ་ཁྱབ་ཀྱི་ མི་ཚེའི་གནས་སྟངས། རྒྱུ་ནོར། གཟུགས་ཁམས་འཕྲོད་བསྟེན་དང་གཡོག་གི་མདུན་ལམ་ཚུ་གི་གོ་སྐབས་ཚུ་བལྟ་ནི་དོན་ལུ་ ལོ་བསྟར་བཞིན་དུ་མཇལ་བར་འགྱོ་དོ་ཡོདཔ་ཨིན། ལྷ་ཁང་འདི་ནང་ལུ་སྤྱིར་འཛམ་གླིང་གི་ཞི་བདེ་དང་ བྱེ་བྲག་ཏུ་དཔལ་ལྡན་འབྲུག་པའི་རྒྱལ་བློན་འབངས་གསུམ་ཀྱི་བདེ་སྐྱིད་དང་ རྒྱལ་ཁབ་ཀྱི་བདེ་སྐྱིད་དང་དཔལ་འབྱོར་གྱི་དོན་ལུ་ཉིནམ་དགུ་གི་རིང་ལུ་རྒྱལ་ཁབ་ཀྱི་སྐུ་རིམ་སྦོམ་ཤོས་རྒྱ་ནག་སྤྱི་མདོས་ཡང་གཏངམ་ཨིན། མི་ག་འབད་རུང་ཅིག་གིས་རྒྱ་ནག་སྤྱི་མདོས་གཏང་པའི་སྐབས་ལུ་ ཕྱག་འཚལ་སྙན་དར་ཕུལ་བ་ལྷོད་པ་ཅིན་ལོ་གཅིག་གིས་རྐྱེན་ངན་ཚུ་བཟློག་ཚུགསཔ་མ་ཚད་ ལོ་གཅིག་གི་རིང་ལུ་རང་གི་ཁྱིམ་ནང་རིམ་འགྲོ་འབད་མ་དགོ་པའི་ཡིད་ཆེས་སྐྱེདཔ་ཨིན་མས། ལྷ་ཁང་གཙོ་བོ་འདི་གི་གདོང་ཁ་ར་ ཞབས་དྲུང་གིས་བཙུགས་ཡོད་མི་ཙན་དན་ཤིང་འདི་འབྲུག་རྒྱལ་ཁབ་ནང་ལུ་སྦོམ་ཤོས་ཅིག་སྦེ་རྩིཝ་ཨིནམ་མ་ཚད་ ཞབས་དྲུང་ལུ་ལམ་སྟོན་འབད་མི་བྱ་ཨོ་རོག་འདི་ཡང་ ཙན་དན་ཤིང་གི་ར་ཏོ་ཁར་ཐིམ་སོང་བའི་ལོ་རྒྱུས་ཚུ་འདུག། དེ་གི་སྦོ་ལོགས་ཁར་རྒྱལ་ཡུམ་གྱི་བཞེངས་མི་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ཕོ་བྲང་གི་ལྷ་ཁང་གཅིག་ཡང་ཡོད། དེ་ལས་ཀི་ལོ་མི་ཊར་ ༢ དེ་ཅིག་གི་ས་ཁར་བེད་ཆེན་ཕུག་ལྷ་ཁང་དང་ སྟང་མགོ་དང་ལྕགས་རི་ལུ་ཡང་དེ་ལས་བརྒྱུད་འགྱོཝ་ཨིན། (ཤེས་རབ་རྡོ་རྗེ། གནམ་ལོ་མེད། སྤྱི་ལོ་ ༢༠༢༠)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཨེ་ཤེ་ཡཱན་གྱི་བཟོ་བཀོད་བྱུང་རབས། འབྲུག་ཐིམ་ཕུག་གི་སྤང་རི་ཟམ་པའི་ལྷ་ཁང་། གནམ་ལོ་མེད། སྤྱི་ལོ་མེད། ཡོངས་འབྲེལ་ཁ་བྱང་། https://www.orientalarchitecture.com/sid/1571/bhutan/thimphu/pangri-zampa-monastery

༢. ཤེས་རབ་རྡོ་རྗེ། སྤང་རི་ཟམ་པ་ལྷ་ཁང་འདི་ནང་པའི་རྩིས་གཞུང་མཐོ་རིམ་སློབ་གྲྭ་ཨིན། གནམ་ལོ་མེད། སྤྱི་ལོ་ ༢༠༢༠། ཡོངས་འབྲེལ་ཁ་བྱང་། https://www.dailybhutan.com/article/pangri-zampa-lhakhang-the-college-of-astrology