སྤ་རོ་སྟག་ཚང་གི་སྐོར།

སྤ་རོ་སྟག་ཚང་གི་སྐོར།

༉ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ སངས་རྒྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ སྦས་ཡུལ་སྦེ་བྱིན་གྱིས་རླབས་ཏེ་ཡོད་པའི་གནས་ལེ་ཤ་ཡོད་པའི་གྲས་ལས་ ཡོངས་གྲགས་ཅན་དང་བྱིན་རླབས་ཅན་གྱི་སྤ་རོ་སྟག་ཚང་འདི་ སྤ་རོ་རྫོང་ཁག་བཙན་ཏོག་རྒེད་འོག་ནང་ བྱག་སྦོམ་ཅིག་གི་རྐེད་པར་ རྒྱ་མཚོ་ལས་མཐོ་ཚད་མི་ཊར་ ༣༡༢༠ གི་ས་ཁར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་འགྱོ་དགོ་པ་ཅིན་ “སྤ་རོ་ས་མཚམས་མཆོད་རྟེན་ལས་ སྣུམ་འཁོར་ནང་ལས་ཐོན་ཞིན་ན་ རྐང་སྟོང་སྦེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༢ ལྷགཔ་ཅིག་ལུ་ལྷོད་ཚུགས” (དད་པའི་ས་བོན། གནམ་ལོ་མེད་ ༢༠༠༨ ཤོག་གྲངས་ ༡༣༠།) ཟེར་བཀོད་དེ་འདུག།

དེ་ཡང་ དུས་རབས་ ༨ པའི་ནང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ རྡོ་རྗེ་གྲོ་ལོད་ཀྱི་རྣམ་པ་ལུ་སྐུར་བཞེངས་པའི་སྐབས་ལུ་ མོན་མོ་བཀྲིས་ཁེའུ་སྒྲོན་ཡང་ སྐུ་ལུས་འདོད་རྒུར་སྒྱུརཝ་ལས་ སྟག་མོའི་ཚུལ་ལུ་སྤྲུལ་ཏེ་ཆིབས་ཀྱི་རྣམ་པ་སྦེ་མཛད་དེ་ ད་ལྟོ་ཆགས་ཏེ་ཡོད་པའི་གནས་དེ་ཁར་བྱོན་ཞིནམ་ལས་ བྱག་ཕུག་དེ་ནང་ལོ་གསུམ། ཟླཝ་གསུམ། བདུན་ཕྲག་གསུམ་དང་ ཉིནམ་གསུམ་གྱི་རིང་ལུ སྒྲུབ་པ་གནང་ཡོདཔ་ཨིན། སྤ་རོ་རྫོང་ཁག་ (གནམ་ལོ་མེད། 2021 །) ས་གནས་འདི་ སྟག་མོ་གནས་སའི་ཚང་ཅིག་འབདཝ་ལས་ མིང་ཡང་སྟག་ཚང་ཟེར་ཡོངས་གྲགས་སོང་ཡོདཔ་ཨིན།

ཨོ་རྒྱན་རིན་པོ་ཆེ་མཆོག་གི་གསོལ་འདེབས་ལེའུ་བདུན་མ་ལས། སྟག་ཚང་སེང་གེ་བསམ་གྲུབ་ཀེའུ་ཚང་དུ། །གདུག་པའི་མུ་སྟེགས་བདུད་དང་དམ་སྲི་བཏུལ། །གནས་ཆེན་གངས་བྲག་རྣམས་ལ་གཏེར་ཆེན་སྦས། །མ་འོངས་སྙིགས་མའི་སེམས་ཅན་ཐུགས་རྗེས་གཟིགས། །རྡོ་རྗེ་གྲོ་ལོད་ཞབས་ལ་ཕྱག་འཚལ་ལོ།། ཟེར་གསུངས་བཞག་ཡོདཔ་བཟུམ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱག་ཕུག་འདི་ནང་འབྱོན་དགོ་མི་དོན་དག་འདི་ཡང་ གནས་འདི་ཁར་བདུད་སྲིན་གདུག་དྲགས་ཚུ་ དམ་བཏགས་པར་འབྱོན་ཡོདཔ་དང་ མ་འོངས་འདུལ་བྱ་སེམས་ཅན་ཚུ་གི་དོན་ལུ་ ཟབ་གཏེར་ཚུ་སྦ་བཞག་པར་བྱོན་ཡོདཔ་ཨིན་མས། སྟག་ཚང་གི་གནས་འདི་ ཨྱོན་གུ་རུ་རིན་པོ་ཆེ་ཁོ་ར་རྐྱངམ་གཅིག་སྒྲུབ་པ་གནང་སའི་ཕུག་མེན་པར་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མོན་མོ་བཀྲིས་ཁེའུ་སྒྲོན་གཉིས་ཡང་སྒྲུབ་པ་གནང་སྟེ་ གྲོགས་གསུམ་བདེ་ཆེན་ཧེ་རུ་ཀ་དང་ རྩ་ཐིག་རླུང་གསུམ་གྱི་རང་དབང་འཐོབ་ཡོདཔ་དང་། འབྱུང་བ་ལྔ་དང་ལུས་ངག་ཡིད་གསུམ་གྱི་བདག་དབང་ཡང་ཐོབ་ཡོདཔ་ཨིན། གཞན་ཡང་ ཚེ་དཔག་མེད་ཀྱི་ལུང་བསྟན་དང་ དཀྱིལ་འཁོར་ག་རའི་གཙོ་མོ་ལུ་གྱུར་ཡོད་པའི་གྲུབ་རྟགས་ལེ་ཤ་ཅིག་སྟོན་གནང་ཡོད་པའི་ གནས་ཆེན་ཅིག་ཨིན།

དེ་མ་ཚད་ཤུལ་ལས་ སངས་རྒྱས་བསྟན་པའི་བདག་རྐྱེན་མཛད་མི་ རྗེ་བཙུན་མི་ལ་རས་པ། ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་ གུ་རུ་རིན་པོ་ཆེ་ཁོ་རའི་ཐུགས་སྲས་ རྗེ་འབངས་ཉེར་ལྔ་ལས་རླངས་ཆེན་དཔལ་གྱི་སེངྒེ་ཚུ་ཡང་ གནས་དེ་ནང་ སྒྲུབ་པ་གནང་སྟེ་བཞུགས་ཡོད་པའི་ལོ་རྒྱུས་འདུག། གནས་དེ་ཁར་ ད་རེས་ནངས་པབཟུམ་སྦེ་ གཙུག་ལག་ཁང་ཚུ་ག་ནི་ཡང་མེདཔ་ལས་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་བསྟན་ལས། སྟག་ཚང་དང་པོ་དར་ཞིང་བར་དུ་རྒུད། །ཐ་མ་རྡོ་རྗེ་འཛིན་པ་གཅིག་གིས་བདག། ཟེར་གསུངས་ཡོདཔ་བཟུམ་ དུས་རབས་ ༡༧ པའི་ནང་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་འབྲུག་ལུ་བསྟན་པའི་མཛད་འཕྲིན་སྤེལ་ཏེ་བཞུགས་པའི་སྐབས་ལུ་ སྟག་ཚང་གི་གནས་བདག་སེངྒེ་བསམ་གྲུབ་ཀྱིས་ གནས་འདི་ཞབས་དྲུང་རིན་པོ་ཆེ་མཆོག་ལུ་རྩིས་ཕུལ་ཞིནམ་ལས་ ཞབས་དྲུང་ཁོ་ར་ཡང་ སྤྱི་ལོ ༡༦༤༦ ལུ་ བླ་མ་རིག་འཛིན་སྙིང་པོ་ལས་དགོངས་འདུས་ཀྱི་ཆོས་འཁོར་ཡོངས་རྫོགས་གསན་གནང་ཡོད་མི་གི་སྒྲུབ་པ་གནང་བའི་སྐབས་ སྒྲུབ་པ་ལེགས་ཤོམ་སྦེ་ མཐར་ཕྱིན་པའི་བྱིན་རླབས་ཐོབ་སྟེ་ཐུགས་བརྙེསཔ་ལས་ གནས་དེ་ཁར་གཙུག་ལག་ཁང་ཅིག་བཞེངས་ནིའི་ ཐུགས་བཞེས་གནང་ནུག། ཨིན་རུང་ རྒྱལ་ཁབ་ནང་ལུ་ཆོས་སྲིད་ཀྱི་ཕྱག་འགན་མང་རབས་ཅིག་བཀྲམ་སྟེ་བཞག་ཡོདཔ་ལས་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ལུ་གཙུག་ལག་ཁང་ཅིག་བཞེངས་དགོ་པའི་བཀའ་གནང་ནུག། ཞབས་དྲུང་རིན་པོ་ཆེ་གི་བཀའ་དང་འཁྲིལ་ཏེ་ བྱག་གི་རྐེད་པར སྤྱི་ལོ་ ༡༦༩༢ ལུ་ལྷ་ཁང་བཞེངས་ནི་འགོ་བཙུགས་ཏེ་ སྤྱི་ལོ་ ༡༦༩༤ ལུ་ རང་ལུགས་བཟོ་བཀོད་ཀྱི་ཐོག་ལུ་ ཡ་མཚན་ཆེ་ཏོག་ཏོ་སྦེ་བཞེངས་ཚར་ནུག།

དེ་ནང་ ནང་རྟེན་ཡང་ དཔོན་སློབ་གྲགས་པ་རྒྱ་མཚོ་གིས་བལ་ཡུལ་ལས་ལྷ་བཟོཔ་པཉ་དེ་ཝ་གདན་དྲངས་ཏེ་ རྒྱུ་ཟངས་ལས་བསྒྲུབས་པའི་གུ་རུའི་སྐུ་འདྲ་སྦོམ་ཅིག་བཞེངས་ཏེ་ ལྷ་ཁང་དེ་ཁར་ཞུཝ་ད་ ལམ་གཟར་དྲགས་ཡོད་མི་ལས་ཕར་ཞུ་ནི་སྟབས་མ་བདེ་བར་ སྐུ་གཟུགས་སོ་སོར་འཕྱལ་་ཏེ་ཞུ་ནིའི་ཞལ་འཆམ་བྱུངམ་ད་ སྐུ་དེ་གིས་གསུང་བྱོན་ཏེ་ ཁོ་ཞུ་ཚུགས་མི་ཅིག་འཐོན་འོང་ཟེར་གསུངམ་བཞིན་དུ་  གནས་བདག་སེངྒེ་བསམ་གྲུབ་ཀྱིས་མི་ཅིག་ལུ་སྤྲུལ་ཏེ་ ཞུ་ཡོད་པའི་གུ་རུ་གསུང་འབྱོན་མའི་སྐུ་གཅིག་དང་། སྨོན་ལམ་གང་བཏབ་ཀྱི་མཆོད་རྟེན་རྩ་ཅན་གཅིག། གཞན་ཡང་ གུ་རུ་མཚན་བརྒྱད་དང་ཚེ་དཔག་མེད་ཀྱི་སྐུ་རྟེན་བྱིན་ཅན་ལེ་ཤ་ར་ཡོདཔ་ཨིན། གནས་དེ་ཁར་ གུ་རུ་གསུང་བྱོན་མའི་ལྷ་ཁང་། གྲོ་ལོད་སྒྲུབ་ཕུག། ཀུན་ར། དཔལ་ཕུག་མཆོད་རྟེན་ལྷ་ཁང་། མཚན་བརྒྱད་ལྷ་ཁང་། གྲོ་ལོད་ལྷ་ཁང་། རྣམ་སྲས་ལྷ་ཁང་། ཚེ་དཔག་མེད་ལྷ་ཁང་། གནས་ཁང་དང་ སྟོང་མཆོད་ལྷ་ཁང་ཚུ་ཡོདཔ་ཨིན། (དད་པའི་ས་བོན། གནམ་ལོ་མེད། ༢༠༠༨ །)

སྟག་ཚང་འདི་ སྤྱི་ལོ་ ༢༩༥༡ གི་ལོ་ལུ་ མེ་མཆོད་བཞེས་ཡོདཔ་དང་ ད་རུང་ཤུལ་ལས་ སྤྱི་ལོ་ ༡༩༩༨ ལུ་ མེ་མཆོད་ཐེངས་གཉིས་པ་བཞེས་ཡོད་རུང་  ནང་རྟེན་གུ་རུ་གསུང་བྱོནམ་དང་ ཕུར་པའི་ཨེ་ཁྲམ་ཚུ་ཉམས་ཆག་མ་ཤོར་བར་ ད་རེས་ནངས་པ་ཡང་ དད་ལྡན་བསོད་ནམས་ཅན་གྱི་དད་པའི་རྟེན་སྦེ་གནས་དེ་ཁར་བཞུགས་ཏེ་ཡོདཔ་ཨིན། གནས་དེ་མེ་མཆོད་བཞེས་ཡོད་རུང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རང་ལུགས་འབྲུག་པའི་བཟོ་བཀོད་ཀྱི་ཐོག་ལུ་ སྔར་བ་ལྷག་སྟེ་ཉམས་གསོ་མཛད་གནང་ཞིནམ་ལས་ སྤྱི་ལོ་ ༢༠༠༥ ལུ་འབྲུག་གི་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་དང་ རྒྱལ་སྲིད་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་ཀུ་རྣམས་གཉིས་ཀྱིས་རབ་གནས་རྒྱས་ཤིང་རྒྱསཔ་སྦེ་གནང་སྟེ་ ད་རེས་ནངས་པ་ ག་ནི་བ་དགའ་ཏོག་ཏོ་དང་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ནི་ཡོདཔ་ཨིན།ཚེ་འདི་ལུ་གནས་དེ་མཇལ་ཚུགས་པ་ཅིན་ གནས་སྐབས་ཚེ་འདིའི་བསམ་པའི་དོན་དག་ག་ར་འགྲུབ་ཚུགས་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་འཐོབ་ནི་དང་བར་ཆད་ཚུ་བསལ་ཏེ་སྡིག་སྒྲིབ་བྱང་ཚུགསཔ་མ་ཚད། ཚེ་ཕྱི་མ་ཟངས་མདོག་དཔལ་རི་གི་ཞིང་ཁམས་ལུ་སྐྱེ་ནིའི་རྟེན་འབྲེལ་སྒྲིགཔ་ཨིནམ་ལས་ འབྲུག་མི་ཡོངས་ཀྱིས་མཇལ་ཚུགས་པ་ཅིན་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོདཔ་ཨིན། ལྷག་པར་དུ་ གནས་འདི་ཕྱི་མི་ལྟ་བཤལ་པ་ཚུ་ལུ་ཡང་ ཡོངས་གྲགས་ཡོད་པའི་གནས་རྩ་ཅན་ཅིག་ཨིན།

རྒྱབ་རྟེན།

དད་པའི་ས་བོན། (གནམ་ལོ་མེད། ༢༠༠༨) འབྲུག་རྒྱལ་ཁབ་ཀྱི་གནས་མགོན་གཙུག་ལག་ཁང་གི་ཆགས་རབས་གསལ་བའི་ལམ་སྟོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།

སྤ་རོ་རྫོང་ཁག། (གནམ་ལོ་མེད། ༢༠༢༡) སྤ་རོ་སྟག་ཚང་། http://www.paro.gov.bt/dz/node/300

འབྲུག་བལྟ་བཤལ་ཚོགས་སྡེ། (ལོ་མེད) http://www.parotaktsang.org

འབྲུག་ཨེ་ཤི་ཡ། (གནམ་ལོ་མེད། ༢༠༢༡) སྟག་ཚང་གཙུག་ལག་ཁང་། https://www.drukasia.com/bhutan/paro/taktsang-monastery/