སྟག་སྐད་ལ་ལྷ་ཁང་། Ι Takila Monastery

ངོ་སྤྲོད།

ཞུན་དག
 
སྟག་སྐད་ལ་ལྷ་ཁང་།

འགྲོ་བ་སེམས་ཅན་ཚུ་ བསོད་ནམས་གསག་ནིའི་ཐབས་ལམ་ རྣམ་པ་སྣ་ཚོགས་ཡོདཔ་ཨིན། དེ་ཡང་རང་ར་སོ་སོའི་རྒྱུ་སྟོབས་དང་ བསམ་སྟོབས་ཚུ་དང་འཁྲིལ་ རྣམ་དཀར་དགེ་བའི་ལཱ་གི་རིགས་ལུ་བརྩོནམ་ཨིན། མང་ཤོས་ཀྱིས་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཚུ་ གསར་བཞེངས་དང་ ཉམས་གསོ་ཚུ་མཛདཔ་ཨིན་པས། དེ་བཟུམ་སྦེ་ འཛམ་གླིང་ནང་མཐོ་ཤོས་ཅིག་ཨིན་མི་ གུ་རུ་རིན་པོ་ཆེ་གི་སྐུ་འདྲ་བཞེངས་ཏེ་ཡོད་མི་གི་སྐོར་ གནས་ཚུལ་ཅིག་བཀོད་ནི་ཨིན། དེ་ཡང་ས་གནས་ག་ཏེ་ཨིན་ན། བཞེངས་དགོ་པའི་དམིགས་ཡུལ། རྟེན་གྱི་སྐོར་ མདོར་བསྡུས་ཏེ་འོག་ལུ་བཀོད་དེ་ཡོད།

ཆགས་རབས།

ཞུན་དག

ས་གནས་ཨིན་པ་ཅིན་ ཨྱོན་གུ་རུ་རིན་པོ་ཆེ་གི་སྦས་གནས། ཞབས་དྲུང་རིན་པོ་ཆེ་གི་འདུལ་ཞིང་། ཆོས་རྒྱལ་ཡབ་མེས་ཚུ་གིས་བསྐྱངས་པའི་ རྒྱལ་ཁབ་ཀྱི་མངའ་འོག་ རྒྱལ་ས་ལྟེ་བ་ལས་ཀི་ལོ་མི་ཀྲར་ ༤༣༤.༩ ཙམ་གྱི་ས་གནས་ལྷུན་རྩེ་རྫོང་ཁག། རྒེད་འོག་སྨན་སྦིས། ག་ནི་བ་ཉམས་དགའ་བའི་སྟག་མོ་ཆུའི་ལུང་གཤོངས། ཨ་བརྒྱ་གནས། གཡའ་མ་ལུང། སྦས་ཡུལ་འཁན་པ་ལྗོངས། སེང་གེ་སྐོར་ཚུ་གིས་བསྐོར་བའི་དབུས་སུ་ སྟག་སྐད་ལ་ལུ་བཞེངས་ཏེ་ཡོདཔ་ཨིན། ས་ཆ་དེ་རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཀྲར་༨༠༠-༥༧༠༠ གི་ས་ཁར་ཆགས་ཏེ་ཡོད།

ས་གནས་དེ་ཁར་ གུ་རུ་རིན་པོ་ཆེ་གི་སྐུ་འདྲ་བཞེངས་དགོ་མི་ཡང་ སངྱས་བསྟན་འཛིན། (གནམ་ལོ་ཤིང་ལུག་ཟླ་༩ པའི་ཚེས་༢༢) སྟག་སྐད་ལ་གུ་རུའི་སྐོར། འབྲུག་རྒྱང་བསྒྲགས་གཉིས་པའི་ལས་རིམ། “གཏེར་སྟོན་ལས་རབ་གླིང་པ་མཆོག་གིས་ ཀུ་རི་ལུང་གི་ལུང་པར་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་བཞེངས་པ་ཅིན་ ལེགས་ཤོམ་ཡོད་ཚུལ་དང་ དེ་གིས་འབྱུང་བཞིའི་གནོད་པ་དང་ ནད་མུག་འཁྲུག་རྩོད་ཚུ་ ཞི་བའི་དགོས་པ་ཡོདཔ་སྦེ་གསུངས་ཏེ་ཡོད།’’ གོང་མའི་ལུང་བསྟན་དང་ སྤྱིར་འཛམ་གླིང་སྒོས་སུ་རང་གི་རྒྱལ་ཁབ་ཀྱི་ཞི་བདེ་དང་ རྒྱལ་བློན་འབངས་གསུམ་གྱི་སྐུ་རིམ་གྱི་ཆ་རྐྱེན་སྦེ་ཨིན་པས།

འབྲུག་ཨོ་ཌི་ན་ཡའི་ལས་འགུལ་གྱི་སྐྱབས་འཛིན་ མཁན་པོ་དཀར་པོ་མཆོག་གི་འགོ་འདྲེན་ཐོག་ སྤྱི་ལོ་༢༠༠༥ གནམ་ལོ་ཤིང་བྱ་ལོར་ལས་ གསར་བཞེངས་ཀྱི་ལཱ་ཚུ་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥ གནམ་ལོ་ཤིང་ལུག་ལོར་ ཡོངས་སུ་རྫོགསཔ་སྦེ་བསྒྲུབས་ཚུགས་ནུག། དེ་ཡང་རྒྱལ་ཁབ་ཕྱི་ནང་གི་སྦྱིན་བདག་ཚུ་གིས་ རྒྱབ་སྐྱོར་ཐོག་བཞེངས་ཡོདཔ་ཨིན་པས། གུ་རུའི་སྐུ་འདྲ་དེ་ཡང་ འཛམ་གླིང་ནང་མཐོ་ཤོས་ ཕིཊ་༡༥༤ དང་ག་ནི་བ་ཡ་མཚན་ཅན་ གཟི་བརྗིད་ཅན་ སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་ལུ་ མ་བཅོས་རང་བཞིན་གྱིས་གྲུབ་གྲུབཔ་བཟུམ་སྦེ་མཇལ་ཚུགས།

སྐུ་འདྲ་དེ་ཡང་ རྒྱུ་རིན་པོ་ཆེ་ཟངས་ཀྱི་གུ་ པ་ཏྲ་དང་རིས་མོ་ཚུ་ཐིག་ཚད་དང་བསྟུན་ སྤྲོས་བཟོ་ཡང་བལ་པོ་ལས་ སིདྷི་ར་ན་གིས་ འགོ་འདྲེན་ཐོག་ མ་དཔེ་བཟོ་ནི་དང་སྤྲོས་ཚུ་ ས་གནས་དེ་ཁར་ར་བརྐོ་ཡོདཔ་མས།

པདྨ་མན་ཆད་ལུ་ རིང་ཚད་ཕིཊ་༤༢ དང་། དེ་གི་ནང་ན་སྤྲུལ་སྐུའི་ཞིང་ཁམས། རྟེན་གཙོ་བོ་མཁན་སློབ་ཆོས་གསུམ་ཟེར་ མཁན་པོ་བོ་དྷི་སཏྭའམ་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གསུམ་ལས་གུ་རུའི་སྐུ་འདྲ་དེ་ བོད་ཀྱི་བསམ་ཡས་ཀྱི་སྐུ་གུ་རུ་ང་འདྲ་མ་ལས་ དཔེ་བླངས་ཏེ་བཞེངས་ཡོད་མི་དང་ འཁོར་ལུ་མཁའ་འགྲོ་མན་ད་ར་བ། ཡེ་ཤེས་མཚོ་རྒྱལ། མོན་མོ་བཀྲིས་ཁྱེའུ་སྒྲོན། ལྷ་ལྕམ་པདྨ་རྩལ། བལ་མོ་ཤཀྱཱ་དེ་བ། ཀ་ལ་སི་དྷི་ཚུ་བཞུགས་སུ་གསོལ་ཏེ་འདུག། ད་རུང་གུ་རུ་མཚན་བརྒྱད་དང་ ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་གླིང་པ་ལ་སོགས་པའི་སྐུ་འདྲ་ཚུ་ཡང་ མཇལ་བའི་རྟེན་ལུ་བཞུགས་འདུག། དཀྱིལ་འཁོར་དང་ ལྡེབས་རིས་ཚུ་ཡང་གུ་རུ་གི་མཛད་རྣམ། སྟོན་པའི་མཛད་པ་ཚུ་ ག་ནི་བ་གཟི་བརྗིད་ཆེཝ་སྦེ་བཞེངས་ཏེ་འདུག།

གནས་ཁང་སྐོར།

ཞུན་དག

སྟེང་ཐོག་ལུ་ཆོས་སྐུའི་ཞིང་ཁམས་ནང་ ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་འདྲ། རྒྱལ་བ་རིགས་ལྔའི་སྐུ་ཚུ་བཞུགས་སུ་གསོལ་ཏེ་ རྒྱལ་བ་རིགས་ལྔའི་ཞལ་ཡས་ཁང་གི་ཚུལ་དང་། ལྡེབས་རིས་ཚུ་ཡང་ རྒྱལ་བ་རིགས་ལྔ། བསྟན་པའི་གཏད་རབས་ གནས་བརྟན་བཅུ་དྲུག་ཚུ་བཞེངས་ཏེ་འདུག། ཀུན་བཟང་ཡབ་ཡུམ་གྱི་སྐུ་འདྲ་མཆོག་ མཁན་པོ་དཀར་པོ་མཆོག་གིས་ ལྷ་ས་ལས་ཟངས་ཐག་ཉོ་ ལྷ་ས་ཇོ་བོའི་སྐུ་མདུན་ལུ་ ཞག་གསུམ་གྱི་རིང་བྱིན་རླབས་ཞུ་ཞིནམ་ལས་ སྐུ་ཡང་ལྷ་ས་ལས་ར་བརྡུངས་ཏེ་ འབྲུག་ལུ་བཏོན་བཏོནཔ་དང་ ཡེ་ཤེས་སེམས་དཔའ་ཡང་ ག་ནི་བ་རྩ་ཅན་ཚུ་ཕུལ་ཏེ་ཡོདཔ་ཨིན་པས།

བར་ཐོག་ལུ་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས། ཞི་བ་བཞི་བཅུ་རྩ་གཉིས་དང་ ཁྲོ་བ་ལྔ་བཅུ་རྩ་བརྒྱད་འབདཝ་ད་ ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར། དེ་ལས་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ་རྡོ་རྗེའི་འཕྲེང་བ་ དུར་ཁྲོད་བརྒྱད། བྲག་ཆེན་བརྒྱད། ལྡེབས་རིས་ཀྱི་ཐད་ལུ་ རྡོ་རྗེ་སེམས་དཔའ་སྟོང་གི་ལྷ་ཚོགས་ཀྱི་སྣང་བརྙན། བྱང་ཆུབ་ལྟུང་བཤགས་ལྷ་ཚོགས། སྡུག་བསྔལ་རང་གྲོལ་ལྷ་ཚོགས་ཚུ་མཇལ་ཚུགས།

མཆོད་རྟེན་བརྒྱད།

ཞུན་དག

མཐའ་བསྐོར་ལུ་ བྱང་ཆུབ་མཆོད་རྟེན། པད་སྤུངས་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན། བཅས་བདེ་གཤེགས་མཆོད་རྟེན་བརྒྱད། དེ་ལས་ཕྱིའི་མཐའ་བསྐོར་ཏེ་ མཆོད་རྟེན་བརྒྱ་དང་རྩ་བརྒྱད་ ག་ནི་བ་མཛེས་བཀོད་དང་ལྡནམ་སྦེ་འདུག།

མཇུག་སྡུད།

ཞུན་དག

སྙིགས་མའི་སྐྱབས་མགོན་ གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དེ་ རྟེན་དང་བརྟེན་པ་བཅས་རྒྱས་པར་ བསྒྲུབས་པའི་མཐར་ སྦྱིན་བདག་གི་བསོད་ནམས་སྤེལ་ནི། རྟེན་དེ་བཞུགས་པའི་ས་ཕྱོགས་དེ་དང་ དེ་དང་འབྲེལ་ཚད་ཀུན་ལུ་ བཀྲིས་པ་ཚུ་ ཇི་སྲིད་བསྐལ་པ་ནམ་གནས་ཀྱི་བར་ འབྱུང་བའི་ཐབས་སུ། རང་ལུགས་གནམ་ལོ་ཤིང་ལུག་ ཟླ་༩ པའི་ཚེས་༢༢ བདག་ཅག་གི་སྟོན་པ་ ལྷ་ལས་བབས་པའི་དུས་ཆེན་དགེ་བའི་ཉིན་མོར་ སྟག་ལུང་རྩེ་སྤུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ བླ་སྤྲུལ། མཁན་སློབ་ཚུ་གིས་ རབ་གནས་རྒྱས་པར་གནང་ནུག། དེ་བསྒང་སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་ཚབ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ ཨ་ཞེ་མཆོག་བྱོན་གནང་པའི་ཁར་ ཕྱག་ཞུ་སྟེ་གཞུང་གི་བློན་ཆེན་དང་དཔོན་ཁག། འགོ་དཔོན། དད་ལྡན་གྱི་མི་སེར་སྟོང་ཕྲག་ལས་བཅད་དེ་ བཅའ་མར་གཏོགས་ནུག་གོ།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.