སྒོམ་ཕུག་སྐོར་ར་ལྷ་ཁང་།

སྒོམ་ཕུག་སྐོར་ར་ལྷ་ཁང་།

སྒོམ་ཕུག་སྐོར་ར་་ལྷ་ཁང་འདི་ བཀྲིས་གཡང་རྩེ་རྫོང་ཁག་སྟོང་ཞང་རྒེད་འོག་ནང་ བཀྲིས་སྒང་ལས་ཀི་ལོ་མི་ཊར་ ༢༡ གྱི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ལུ་ སྒོམ་ཕུག་སྐོར་ར་ཟེར་མཚན་བཏགས་དགོཔ་མི་དེ་ཡང་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ས་ཕྱོགས་དེ་ཁར་གནས་པའི་བདུད་སྙོན་ཁ་བཏུལ་ནིའི་དོན་ལུ་ བྱ་ཕུག་གཅིག་ནང་སྒོམ་གནང་བཞུགས་མི་ལུ་བརྟེན་སྒོམ་ཕུག་དང་ ཤུལ་ལས་དད་མོས་ཅན་གྱི་མི་ལེ་ཤ་ཅིག་གིས་སྐོར་ར་རྐྱབ་སའི་གནས་ ཁྱད་པར་ཅན་ཅིག་ལུ་གྱུར་ནི་དེ་གིས་ སྒོམ་ཕུག་སྐོར་ཟེར་དར་ཁྱབ་སོང་ཡོདཔ་ཨིན། བཤད་སྲོལ་ཅིག་ལས་ རྟ་ཝང་པ་ཚུ་གིས་སྒོམ་སྦས་ཟེར་ཡང་ཞུ་སྲོལ་ཡོད་ཟེར་ཨིན་པས། ད་རེས་ནང་པ་ཡང་ མོན་རྟ་ཝང་གི་མི་སེར་ཚུ་གིས་ རྩ་ཅན་གྱི་གནས་མཇལ་བར་འོང་དོ་ཡོདཔ་མ་ཚད་ ལོ་བསྟར་བཞིན་དུ་ ཟླཝ་ ༢ པའི་ནང་སྒོམ་ཕུག་སྐོར་རའི་ཚེས་བཅུ་གི་སྐབས་ལུ་ རྒྱལ་ཁབ་མཐའ་དབུས་ཀྱི་མི་སེར་ལེ་ཤ་སྤུངས་འཛོམས་འབད་དོ་ཡོདཔ་ཨིན་པས། གཡང་རྩེ་བྱང་ཕུག་རྩེ་ལས་ཨིན་མི་ དགེ་བཤེས་རྡོ་རྗེ་བཀྲིས་ཀྱིས སྒོམ་སྐོར་རའི་གནས་ཡིག་འདི་ རྟ་ཝང་གྲྭ་ཚང་ནང་ལུ་བཞག་ཡོདཔ་ལས་ གནས་ཡིག་འདི་ཤུལ་ལས་རྟ་ཝང་གྲྭ་ཚང་གིས་སྦེ་ པད་གླིང་གི་གདུང་རྒྱུད་བླམ་ངོས་ཀྱི་གྲྭ་ཚང་ནང་དང་ ཨྱོན་གླིང་ སྤང་ཆེན་བླའུ་མཚོ་ལ་སོགས་པའི་གྲྭ་ཚང་དགོན་སྡེ་ཚུ་ལུ་བཀྲམ་ཡོདཔ་ལས་ རྟ་ཝང་པ་ཚུ་གིས་སྒོམ་ཕུག་སྐོར་རའི་གནས་ཀྱི་རྩ་ཆེ་ཧིང་ཧ་གོ་སྟེ་ཡོདཔ་་ལས་ གནས་མཇལ་བར་འོང་མིའི་རྒྱུ་མཚན་ཡང་ དེ་ལུ་བརྟེན་ཏེ་ཨིན་ཟེར་ཨིན་པས། གནས་ཡིག་ཀུན་ཕན་ལམ་སྟོན། (ས་མོ་གླང་ལོ། ༢༠༠༩།) དུས་རབས་ ༩ པའི་མཇུག་ཙམ་ལུ་ བོད་ཀྱི་རྒྱལ་པོ་ཁྲི་སོང་ལྡེའུ་བཙན་གྱི་སྲས་ལྷ་སྲས་གཙང་མ་བོད་ལས་བྱོན་ཏེ་ འཇམ་མཁར་ལུ་ལྷོདཔ་ད་ འཇམ་ཁར་གྱི་མི་ཚུ་ལུ་སྒོམ་ཕུག་སྐོར་ར་འདི་ཨྱོན་རིན་པོ་ཆེའི་སྦས་གནས་ཨིནམ་ལས་ འདི་ཁར་ཐུན་བཏང་བཞུགས་ནིའི་དོན་ལུ་མཚམས་ཁང་ཅིག་ རྐྱབ་ཚུགས་ག་ཟེར་དྲིཝ་ད་ སྦྱིན་བདག་ཚུ་གིས་འཇམ་ལགས་ཟེར་ཞུཝ་ལས་ ས་གནས་ཀྱི་མིང་ཡང་འཇམ་མཁར་ཟེར་བཏགས་པའི་ལོ་རྒྱུས་ཡོདཔ་དང་།ཁོང་གིས་བཞེངས་མི་ལྷ་ཁང་འདི་ ད་ལྟོ་གནས་དེ་ཁར་ཡོད་པའི་ལྷ་ཁང་འདི་ཨིན་པས། ད་རེས་ནངས་པ་སྒོམ་ཕུག་སྐོར་རའི་ཚེས་བཅུའི་སྐབས་ལུ་ ཕྱོགས་སོ་སོ་ལས་འཛོམས་པའི་དད་ཅན་གྱི་མི་སེར་ཚུ་གིས་ གཙོ་བོ་ར་སྐོར་ར་རྐྱབ་ནི་ལུ་གཚོ་བོར་བཏོནམ་ལས་ ཚེས་བཅུ་འདི་གཞན་དང་མ་འདྲཝ་སྦེ་རྩིཝ་ཨིན་པས།

ཧེ་མ་དུས་རབས་བརྒྱད་པ་སྤྱི་ལོ་ ༧༧༩ དེ་ཅིག་ཁར་ཨོ་རྒྱན་གུ་རུ་་རིན་པོ་ཆེ་གིས་བོད་ལུ་ལྷ་ས་བསམ་ཡས་བཞེངས་གནང་པའི་སྐབས་ བོད་གངས་ཅན་གྱི་ལྗོངས་ནང་ཡོད་པའི་མ་རུངས་འདྲེ་བདུད་ལྷ་སྲིན་སྡེ་བརྒྱད་གདུག་པ་ཅན་ཚུ་ དམ་ལུ་བཏགས་པའི་སྐབས་ བདུད་པོ་སྙོན་ཁ་ཆེན་པོ་འདི་གིས་དམ་ལུ་གནས་མ་བཏུབ་པར་ ལྷོ་མོན་ཁ་ཐུག་བྱོག་འོངས་ནུག། དེ་གིས་ མ་འོངས་པར་འཇིག་རྟེན་གྱི་ཁམས་འདི་ནང་བསྟན་པ་དང་འགྲོ་བ་སེམས་ཅན་ཚུ་ལུ་གནོད་པ་སྦོམ་བཀལ་འོང་ཟེར་ཐུགས་བཞེད་གནང་སྟེ་ བསམ་ཡས་གཙུག་ལག་ཁང་བཞེངས་ཚར་བའི་ཤུལ་ལུ་ ལྷོ་མོན་ལུ་བདུད་ཀྱི་རྟིང་བདའ་སྟེ་བྱོན་ཞིམམ་ལས་ བདུད་དེ་དམ་ལུ་གནས་བཅུག་སྟེ་གནས་ཀྱི་སྲུང་མ་སྦེ་ར་བསྐོས་ཏེ་ ས་གནས་འདི་ཡང་སྦས་གནས་ཁྱད་པར་ཅན་ཅིག་ལུ་ བྱིན་གྱིས་རླབས་གནང་ནུག།  (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༠༧)

དུས་རབས་ ༩ པའི་སྨད་རྩམ་ལུ་ འཇམ་མཁར་པའི་མི་དང་སྦྱིན་བདག་དད་ཅན་ཚུ་གིས་ ལྷ་སྲས་གཙང་མའི་དོན་ལུ་ མཆོད་ཁང་ཆུང་ཀུ་ཅིག་བརྩིགས་ཏེ་གདན་ས་བཏབ་ཡོད་མི་ལས་ཚུར་གནས་དེ་ཕྱག་མཆོད་ཕུལ་སའི་ཡུལ་སྦེ་ངོས་འཛིན་འབད་གནང་སྟེ་ གནས་འདི་ཁར་སྐོར་ར་བ་བསྐོར་ནི་དང་དུས་ཆེན་བརྩི་སྲུང་ཞུ་ནིའི་ལམ་ལུགས་ཡང་ དུས་ཚོད་དེམ་ཅིག་ཁ་ལས་འགོ་བཙུགས་ཡོདཔ་ཨིན་པས།

གཏེར་ཆེན་པདྨ་གླིང་པ་ཙཱ་རི་ལས་ལོག་བྱོནམ་ད་ ད་ལྟོ་ཡོད་མི་རྒྱ་གར་ཤར་ལི་ལས་གྲུབ་པའི་སྟོན་པའི་སྐུ་འདྲ་བྱིན་ཅན་ཅིག་ཡོད་མི་འདི་ ནང་རྟེན་སྦེ་ གནང་ཡོདཔ་དང་གཏེར་སྟོན་གུ་རུ་ཆོས་དབང་ དང་ ཨ་ཎེ་མཆོད་རྟེན་བཟང་མོ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་རབས་ཅིག་གིས་ཞབས་ཀྱིས་བཅགས་ཏེ་ གནས་དང་ལྷ་ཁང་གཉིས་ཆ་ར་རྒྱ་བསྐྱེད་དང་གོང་འཕེལ་གྱི་ ཕྱག་ལཱ་ལེ་ཤ་མཛད་གནང་ནུག། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༠༩)

ཧེ་མའི་་ལྷ་ཁང་ཆུང་ཀུ་འདི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་རྒྱ་བསྐྱེད་གནང་ཡོདཔ་དང་ ནང་རྟེན་ཡང་སྨན་འདམ་ལས་གྲུབ་པའི་གུ་རུ་པདྨ་འབྱུང་གནས་དང་ བཅུ་གཅིག་ཞལ་ལ་སོགས་པའི་སྨན་སྐུ་བྱིན་ལྡན་སྐུ་གྲངས་ ༡༡ ལྷག་ཙམ་དང་གྱང་གི་ལྡེབས་རིས་ཚུ་ཡང་ རྒྱས་ཤིང་རྒྱསཔ་སྦེ་བཞེངས་གནང་ནུག། ད་རེས་ནངས་པ་ལོ་ཨ་རྟག་ར་རང་ཟླ་ ༢ པའི་ཚེས་༨ ལས་ ༡༠ ཚུན་ བཀྲིས་སྒང་རབ་སྡེ་གི་དགེ་འདུན་ཚུ་བྱོན་ཏེ་ ཡོངས་གྲགས་ཅན་གྱི་ཚེས་བཅུ་གནང་སྲོལ་ཡོད་མི་འདི་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་འགོ་བཙུགས་གནང་བའི་མཛད་ཤུལ་གཅིག་ཨིན་མས། གཞན་ཡང་ འབྲུག་གི་སྡེ་སྲིད་ ༡༦ པ་འབྲུག་ཞི་དར་གྱིས་ཡང་ ལྷ་ཁང་གི་མཐའ་འཁོར་ལུ་ མ་ཎི་ལག་འཁོར་ཚུ་བཙུགས་ཏེ་ ལྷ་ཁང་དང་གནས་ལུ་ཞབས་ཏོག་ཞུ་བའི་ལོ་རྒྱུས་ཚུ་འདུག།

རྒྱབ་རྟེན་དཔེ་ཆ།

སངས་རྒྱས་དོན་གྲུབ།(གནམ་མོ་མེད། ༢༠༠༩) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས་ཅ་རྙིང་འཛིན་སྐྱོང་སྡེ་ཚན། ཐིམ་ཕུག། ཀྲི་ཨིན་དཔར་སྐྲུན་ཁང་།

Buddhist Monastery in Trashigang. (n.d) Retrieved from:     https://www.tourmyindia.com/international/bhutan/gom-kora/          

Gom kora (n.d) Retrieved from: https://authenticbhutantours.com/gom-kora/