སྐྱིད་ཆུ་ལྷ་ཁང་།
སྐྱིད་ཆུ་ལྷ་ཁང་།
༉ ཡོངས་གྲགས་ཅན་གྱི་སྤ་རོ་སྐྱིད་ཆུ་ལྷ་ཁང་འདི་ སྤ་རོ་ལམ་གོང་རྒེད་འོག་གི་འོག་ལུ་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ སྤ་རོ་ཚོང་འདུས་ལས་འབྲུག་རྒྱལ་རྫོང་ལུ་འགྱོ་སའི་སྣུམ་འཁོར་གཞུང་ལམ་གྱི་གཡོན་ཧོངས་ལུ་ཆགས་ཏེ་ཡོདཔ་དང་སྤ་རོ་ཁྲོམ་ཁ་ལས་འབད་བ་ཅིན་ ཀི་ལོ་མི་ཀྲར་ ༢ དེ་ཅིག་གི་ས་ཁར་ཨིན་པས། (དད་པའི་ས་བོན། ༢༠༠༨ །) ལྷ་ཁང་དེ་གི་མིང་གཞན་ཡང་ སྐྱེར་ཆུ་ལྷ་ཁང་དང་ལྷོ་སྐྱེར་ཆུ་ ཟེར་ཡང་སླབ་སྲོལ་ཡོདཔ་དང་ ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་གི་ལྷ་ཁང་རྙིང་ཤོས་ཚུ་གི་གྲས་ལས་ཅིག་ཨིན། ལྷ་ཁང་འདི་ ་དུས་རབས་ ༧ པའི་ནང་ལུ་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒམ་པོ་གིས་ ཉིནམ་གཅིག་ནང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་ བཞེངས་གནང་མའི་གྲས་ལས་ ང་བཅས་ཀྱི་རྒྱལ་ཁབ་ནང་གཉིས་ཡོད་ས་ལས་གཅིག་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལ་བ་ཅིན་ བོད་ཀྱི་རྒྱལཔོ་སྲོང་བཙན་སྒོམ་པོ་གིས་ གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་དགོ་པའི་རྒྱུ་མཚན་ གཙོ་བོ་ར་ དེ་བསྒང་སངས་རྒྱས་བསྟན་པའི་དགྲ་བགེགས་བདུད་ཚུ་གིས་ ལུས་ཅན་གྱི་གཟུགས་ལུ་སྤྲུལ་ཏེ་བར་ཆད་རྐྱབ་དོ་ཡོདཔ་ལས་ དེའི་ཁ་གནོན་གྱི་དོན་ལུ་ བཞེངས་ཡོདཔ་སྦེ་ཨིན་པས། ལྷ་ཁང་འདི་ནང་ ཤུལ་ལས་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་གིས་ ཞབས་ཀྱིས་བཅགས་ཏེ་གཏེར་ཁ་མ་འདྲཝ་ལེ་ཤ་ར་སྦས་ཏེ་བཞག་ཡོདཔ་སྦེ་ཨིན་པས།
སྐྱིད་ཆུ་ལྷ་ཁང་ངོ་མ་འདི་ ད་ལྟོ་ཇོ་བོའི་སྐུ་ཡོད་སའི་ལྷ་ཁང་གྲུ་བཞིམ་རྐྱངམ་གཅིག་ཨིན་རུང་ ཤུལ་ལས་ རྗེ་མཁན་ཁྲི་རབས་ ༢༥ པ་ཤེས་རབ་རྒྱལ་མཚན་གྱིས་ཕྱི་གི་ཚོགས་ཁང་ཚུ་བཞེངས་ཏེ་ཡོདཔ་དང་ རྗེ་ཁོ་ར་གིས་མཛད་དེ་ཡོད་པའི་གཙུག་ལག་ཁང་གི་དཀར་ཆག་ནང་ལས་འཐོན་མི་དང་འཁྲིལ་བ་ཅིན་ དུས་རབས་ ༡༢ པའི་ནང་ལུ་ བླ་མ་ལྷ་པ་ཚུ་གིས་བདག་འཛིན་འབད་དེ་ཡོདཔ་དང་ དུས་རབས་ ༡༣ པ་ནང་ལུ་ བླམ་ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ཉི་མའི་བརྒྱུད་པ་འཛིན་མི་ཚུ་་ལུ་ རྩིས་ཕུལ་ཡོདཔ་སྦེ་ཨིན་མས། (ཀུན་བཟང་འཕྲིན་ལས། ༢༠༠༨)
བདུད་མཇོམས་ཆོས་འབྱུང་ནང་ལུ་ སྐྱིད་ཆུ་ལྷ་ཁང་འདི་མཇལ་ནི་ར་མེད་པར་ཡར་སོངཔ་ཨིན་རུང་ གཏེར་སྟོན་རྒྱལ་པོ་ལྔའི་ནང་གསེས་ གཏེར་སྟོན་པདྨ་གླིང་པ་གིས་ སྔར་ག་ཨིནམ་སྦེ་ཉམས་གསོ་མཛད་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་ ༡༦༤༤ ལུ་ཞབས་དྲུང་རིན་པོ་ཆེ་གི་ཕྱག་ལུ་ཚུད་དེ་་བདག་འཛིན་མཛད་ཡོདཔ་དང་ སྤྱི་ལོ་ ༡༨༣༦ ལས་ ༡༨༣༨ ཚུན་ལུ་ རྗེ་མཁན་ཁྲི་རབས་ ༢༥ པ་ཤེས་རབ་རྒྱལ་མཚན་གྱིས་ ཉམས་གསོ་དང་ལེགས་བཅོས་ཚུ་མཛད་དེ་ རབ་གནས་ཚུ་ཡང་གནང་ཡོདཔ་ཨིན་མས། དེ་ལས་ སྤྱི་ལོ་ ༡༩༧༡ ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ལྷ་ཁང་འདི་སྔར་ལས་ལྷག་སྟེ་ ཕྱི་ནང་གཉིས་ཆ་ར་ཉམས་བཅོས་འབད་ཡོདཔ་དང་ ཇོ་བོའི་ལྷ་ཁང་གི་གཡོན་ཁ་ཐུག་ལུ་ གུ་རུ་ལྷ་ཁང་གཅིག་ཡང་གསར་བཞེངས་གནང་ཏེ་ དཔལ་ཆེན་འདུས་པ་ ཕུར་པ་དང་རྡོར་སེམས་ཀྱི་ལོ་བསྟར་སྒྲུབ་ཆེན་ཡང་གཞི་བཙུགས་གནང་སྟེ་ཡོདཔ་ཨིན།
ལྷ་ཁང་འདི་ནང་ནང་རྟེན་གཙོ་བོ་ར་ སྨོན་ལམ་གང་བཏབ་ཐེབས་པའི་ཇོ་བོ་ཤཱཀྱ་མུ་ནི་གི་སྐུ་འདྲ་སྦོམ་གཅིག་དང་ སྤྱན་རས་གཟིགས་སྐུ་བྱིན་ཅན་གཅིག་ཡོདཔ་ཨིན་པས། ལྷ་ཁང་ནང་ནའི་འཐིང་གཞི་ ཨེན་ཏ་འདི་ གཡུ་དང་བྱུ་རུ་མུ་ཏིག་ཚུ་གིས་ མཛེས་ཏོག་ཏོ་སྦེ་བརྒྱན་ཏེ་ཡོདཔ་ཨིན། གནས་དེ་རྩ་ཅན་ཅིག་ཨིན་པའི་ཁར་ ཁུ་སིམ་སི་སྦེ་སྐྱིད་ཏོང་ཏོ་ཡོདཔ་ལས་ ཨ་རྒས་ཨང་རྒས་ཚུ་་ དུས་རྒྱུན་སྐོར་ར་རྐྱབ་སྟེ་སྡོད་སར་མཐོངམ་ཨིན། དེ་ལས་ རྡོ་ཆལ་ནང་གི་འཛུལ་སྒོའི་གྱང་གུར་ གླིང་གེ་སར་རྒྱལ་པོའི་ལྡེབས་རིས་ཡོདཔ་དང་། ལྷ་ཁང་གི་འཛུལ་སྒོ་འདི་ གསེར་སྒྲོན་ཏེ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་ཡོདཔ་ཨིན། གཞན་ཡང་ ལྷ་ཁང་གི་མཐའ་འཁོར་ལུ་ དགེ་སློང་ཚུ་བཞུགས་སའི་ཉལ་ཁང་དང་ མ་ནི་གདུང་འཁོར་དང་ལག་འཁོར་མ་ཎི་ཚུ་བཙུགས་ཏེ་ ག་ནི་བ་ཉམས་དགའ་ཏོག་ཏོ་སྦེ་ཡོདཔ་ཨིན།
སྐྱིད་ཆུ་ལྷ་ཁང་འདི་ང་བཅས་རའི་འབྲུག་རྒྱལ་ཁབ་ནང་གི་ལྷ་ཁང་རྙིང་ཤོས་ཅིག་ཨིན་པའི་ཁར་ ལམ་སྲོལ་དང་རྒྱལ་རབས་ལུ་དང་ཡང་འབྲེལ་བ་སྦོམ་ཡོདཔ་ལས་ ད་རེས་ནངས་པ་གཞུང་གྲྭ་ཚང་གིས་དུས་ཨརྟག་ར་བདག་འཛིན་འཐབ་སྟེ་ཡོདཔ་ཨིན། དེ་འབདཝ་ལས་བརྟེན་ གནས་དེ་ཁར་དད་ཅན་གྱི་འབྲུག་པའི་མི་ཤེར་དང་ ཕྱིའི་ལྟ་བཤལཔ་ཚུ་ལྷ་ཁང་མཇལ་བར་རྒྱུན་མ་ཆན་པར་འོང་ནི་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༠༨) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།
སྤ་རོ་རྫོང་ཁག་བདག་སྐྱོང་། (༢༠༢༡) སྐྱིད་ཆུ་ལྷ་ཁང་། http://www.paro.gov.bt/dz/node/322 ནང་ལས་ཕབ་ལེན་འབད་ཡོད།
Drukasia.com. (n.d). Kyichu Lhakhang. Retrieved from: https://www.drukasia.com/bhutan/paro/kyichu-lhakhang/
En.wikipedia.com. (n.d). Kyichu Lhakhang. Retrieved from: https://en.wikipedia.org/wiki/Kyichu_Lhakhang