སོ་ནམ་དང་ནགས་ཚལ་ལྷན་ཁག།

༉ སོ་ནམ་དང་ནགས་ཚལ་ལྷན་ཁག་འདི་ འབྲུག་རྒྱལ་ཁབ་ཀྱི་ལྷན་ཁག་བཅུ་ཐམ་ལས་གཅིག་ཨིན། ལྷན་ཁག་འདི་ མངའ་བདག་རྒྱལ་པོའི་མདོ་ཆེན་ཡིག་ཚང་ནང་ སྤྱི་ལོ་ ༡༩༨༥ ལུ་ འགོ་དང་པ་གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༨༦ ལུ་ ཡིག་ཚང་འདི་ ད་ལྟོ་ཡོད་པའི་ས་གོ་ནང་སྤོ་བཤུད་འབད་ཡོདཔ་ཨིན། ལྷན་ཁག་འདི་འགོ་བཙུགས་པའི་སྐབས་ འགོ་འཛིན་དྲུང་ཆེན་སྦེ་བཟོ་ཡོདཔ་དང་དྲུང་ཆེན་དང་པ་འདི་ཡང་དྲག་ཤོས་ལས་སྐྱིད་རྡོ་རྗེ་མཆོག་བསྐོས་ཡོདཔ་ཨིན། ཨིན་རུང་ཤུལ་ལས་ སྤྱི་ལོ་ ༢༠༠༣ ལས་ ལྷན་ཁག་འདི་གི་དབུ་འཁྲིད་ བློན་པོ་སྦེ་བཟོ་སྟེ་ སྤྱི་ལོ་ ༢༠༠༣-༢༠༠༨ ཚུན་ བློན་པོ་སངས་རྒྱས་དངོས་གྲུབ་ཀྱིས་ཕྱག་ཞུ་ཡོདཔ་ཨིན།
བློན་པོ་སངས་རྒྱས་དངོས་གྲུབ་ཀྱི་ཤུལ་ལས་ཕྱག་ཞུ་མི་ སོ་ནམ་དང་ནགས་ཚལ་བློན་པོ་རིམ་བྱོན་ཡང་། སྤྱི་ལོ་ ༢༠༠༨-༢༠༡༣ ཚུན་ བློན་པོ་པདྨ་རྒྱ་མཚོ། སྤྱི་ལོ་ ༢༠༡༣-༢༠༡༨ ཚུན་ བློན་པོ་ཡེ་ཤེས་རྡོ་རྗེ། དེ་ལས་ སྤྱི་ལོ་ ༢༠༡༨ ལས་འགོ་བཙུགས་ཏེ་ ད་ལྟོ་ཕྱག་ཞུ་བཞིན་ཡོད་པའི་ སོ་ནམ་དང་ནགས་ཚལ་བློན་པོ་འདི་ བློན་པོ་ཡེ་ཤེས་དཔལ་འབྱོར་ཨིན།
ལྷན་ཁག་འདི་གི་འཆར་སྣང་འདི་ རྒྱལ་ཁབ་དང་མི་སེར་གྱི་མི་སྡེ་དང་དཔལ་འབྱོར་གནས་སྟངས་འདྲ་མཉམ་གྱི་དོན་ལུ་ འཚོ་བའི་ལམ་ལུགས་དང་ རང་བཞིན་གྱི་ཐོན་དངོས་ཚུ་ ཡུན་བརྟན་སྦེ་གནས་ནི་འདི་ཨིནམ་དང་། དམིགས་སྐྱེད་འདི་ཡང་ འཚོ་བའི་གནས་སྟངས་དང་རང་བཞིན་ཐོན་སྐྱེད་ ཚུ་ལུ་ ལྷོད་ལམ་ཚད་ལྡང་གི་ཐོག་ལས་ འབྲུག་མི་ཚུ་གི་མི་སྡེ་དང་དཔལ་འབྱོར་གྱི་འཚོ་བའི་གནས་སྟངས་ ཡུན་བརྟན་བཟོ་ནི་འདི་ཨིན། འདི་བཟུམ་སྦེ་ ལྷན་ཁག་འདི་གི་འགན་དབང་འདི་ གཡུས་སྒོའི་འཚོ་བའི་གནས་སྟངས་ཡུན་བརྟན་བཟོ་ནི། ནགས་ཚལ་དང་འབབ་ཆུའི་ཐོན་སྐྱེས་ ཚུ་ ཡུན་བརྟན་ལག་ལེན་སྲུང་སྐྱོབ་དང་ཡར་དྲག་གཏང་ནི། སྤྱོད་བཏུབ་པའི་སོ་ནམ་གྱི་ས་ཞིང་དང་ཐོན་སྐྱེད་ཚུ་ ལག་ལེན་ཡུན་བརྟན་བཟོ་ནི། དེ་ལས་ བཟའ་འཐུང་ཉེན་སྲུང་དང་ རང་བཞིན་གནས་སྟངས་སྲུང་སྐྱོབ་དང་ཡར་རྒྱས་གཏང་ནི་ཚུ་ཨིན།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་ལུ་ བློན་པོ་དང་དྲུང་ཆེན་ཡིག་ཚང་ དེ་ལས་ མདོ་ཆེན་ཞབས་ཏོག་ཡིག་ཚང་དང་ལས་ཁུངས་ཁག་བདུན་ཡོདཔ་ཨིན། ལས་ཁུངས་བདུན་ཡང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ སོ་ནམ་ལས་ཁུངས་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་ སྒོ་ནོར་ལས་ཁུངས་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ལྟེ་བ་དང་ གྲོང་གསེབ་ གོང་འཕེལ་སྦྱོང་བརྡར་ལྟེ་བ་ཚུ་ཨིན། ལྷན་ཁག་འདི་ནང་ཕྱག་ཞུ་མི་ འགོ་འཛིན་བློན་པོ་གྱིས་གཙོས་པའི་ དྲུང་ཆེན་དང་མདོ་ཆེན་ དེ་ལས་ ལས་ཁུངས་ཁག་གི་གཙོ་འཛིན་དང་འགོ་དཔོན་ཚུ་ཨིནམ་དང་ ལྷན་ཁག་འདི་གིས་ད་རེས་གོང་གི་འཆར་སྣང་དང་དམིགས་སྐྱེད་ཚུ་སེམས་ཁར་བཀལ་ཏེ་ ལྷན་ཁག་གི་འགན་དབང་ཚུ་ དྲང་བདེན་དང་དྭངས་གསལ་ དེ་ལས་ དམ་ཚིག་གཙོ་གཟུང་གི་ཐོག་ལས་ཕྱག་ཞུ་བཞིན་ཡོདཔ་ཨིན།

ཁུངས་གཏུག།

ཞུན་དག
  1. Wikipedia Contributors. (2021). Ministry of Agriculture and Forests (Bhutan). In Wikipedia. The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Ministry_of_Agriculture_and_Forests_(Bhutan)&oldid=1058349074