སེམས་རྟོགས་ཁ་རྫོང་། (གསང་སྔགས་ཟབ་དོན་ ཕོ་བྲང་།)
ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་ལུ་ རྫོང་གཞི་ལེ་ཤ་བཞེངས་ཡོདཔ་དང་ འབྲུག་གི་ ནུབ་ཕྱོགས་ས་གནས་ཚུ་ནང་ མངའ་ཁོངས་གསརཔ་འཐོབ་ཡོད་མི་དེ་ བཙན་ཏོག་ཏོ་བཟོ་ནི་དང་ ཕྱི་ནང་གི་ དགྲ་བྱང་ཕྱད་ཚུ་ལས་སྲུང་སྐྱོབ་འབད་ནིའི་དོན་ལས་ རྫོང་དྲུག་བཞེངས་ནི་འགོ་བཙུགས་ཡོད་པའི་ནང་ལས་ དང་པམ་འདི་ སེམས་རྟོག་ཁ་རྫོང་འདི་ཨིན། རྫོང་འདི་ཡང་ རྒྱལ་རབ་དང་ལྡན་པའི་ས་གནས་གཅིག་གུར་བཞེངས་ཡོདཔ་དང་ ས་གནས་འདི་ ཤ་(དབང་འདུས་ཕོ་བྲང་)དབང་(ཐིམ་ཕུ)སྤ་(སྤ་རོ་) གསུམ་གྱི་ལམ་རྒྱ་གྲམ་ལུ་བཞེངས་ཡོདཔ་ཨིན་མས། ལམ་རྒྱ་གྲམ་དེ་ཁར་ སྤུ་ན་ཁ་དང་ ཐིམ་ཕུ་དེ་ལས་ སྤ་རོ་གི་མི་ཚུ་གི་ རྡོ་གསུམ་ཡོདཔ་ཨིནམ་དང་ འ་ནི་རྡོ་གསུམ་གྱི་སྦུག་ལུ་ སེམས་རྟོགས་ཁ་ཡང་ན་ སེམས་རྡོ་ཁ་ཟེར་མི་ ས་ཆུང་ཀུ་ཅིག་གུ་ ལྷ་ཁང་ཆུང་ཀུ་གཅིག་ཡོདཔ་ཨིན་མས། ཤུལ་ལས་ བླམ་སྤང་ཁ་ཤོང་གིས་ ལྷ་ཁང་འདི་ ཞབས་དྲུག་ངག་དབང་རྣམ་རྒྱལ་ལུ་ ཕུལ་ནུག། རྒྱལ་རབ་ན་འབད་བ་ཅིན་ བོད་ཀྱི་བླམ་ ཞང་གིས་ ཞབས་དྲུག་ངག་དབང་རྣམ་རྒྱལ་མཆོག་ལུ་ འབྲུག་ལུ་ འཕེབས་པའི་ཤུལ་ལུ་ ནུབ་ཕྱོགས་ཀྱི་ས་གནས་ གསུམ་གྱི་འཛོམ་འཚམས་ལུ་ རྫོང་གཅིག་བཞེངས་ནིའི་ ལུང་བསྟན་གནང་ཡོདཔ་སྦེ་བཤདཔ་ཨིན་མས། ལུང་བསྟན་འདི་འགྲུབ་ནི་དང་ བླམ་སྤང་ཁ་ཞོང་གི་ས་ཕུལ་བའི་ དགའ་ཚོར་ལུ་ ཞབས་དྲུག་མཆོག་གིས་ རྫོང་འདི་བཞེངས་ནིའི་ ཐུགས་བཞེད་གནང་ནུག།
ས་གནས་འདི་ཁར་ གནོད་པའི་དྲེ་ཚུ་ལེ་ཤ་ཡོདཔ་ཨིནམ་དང་ ཞབས་དྲུང་མཆོག་གིས་ རྫོང་བཞེངས་ནིའི་ཐུགས་བཞེང་གནང་མི་ས་གནས་འདི་ འདྲེ་གཅིག་གིས་དབང་ཡོདཔ་དང་ འདི་གིས་ འགྲོས་འགྲུལ་འབད་མི་ མི་ཚུ་ལུ་གནོདཔ་བསྐྱལ་དོ་ཡོདཔ་ཨིན་མས། ཞབས་དྲུང་མཆོག་གིས་ ས་གནས་དེ་ཁ་འབྱོན་ཏེ་ སྲིནམོ་དེ་བཏུལ་བའི་སྐབས་ ད་ལྟོ་རྫོང་བཞེངས་ཡོད་སའི་ རྡོ་གཅིག་གི་འོག་ལུ་ ཐིམས་སོངཔ་ལས་ ཞབས་དྲུང་མཆོག་གིས་ རྡོ་འདི་གུ་ རྫོང་བཞེངས་ཡོདཔ་ལས་ མིང་ཡང་ སྲིན་མོ་རྡོ་ཁ་ཟེར་བཏགས་གནང་ནུག།
༡༦༢༩ ལུ་ དགུང་ལོ་ ༣༦ ཞེས་པའི་སྐབས་ལུ་ རྫོང་བཞེངས་ནི་འགོ་བཙུགས་ཡོདཔ་དང་ རྫོང་འདི་ རྟ་མགོ་ ཆོས་རྗེ་ མི་ཕམ་ ཚེ་དབང་བསྟན་འཛིན་གྱི་འགོ་འདྲེན་ཐོག་ལུ་ ཞབས་དྲུང་གི་སློབ་མ་ཚུ་གི་ གྲོགས་རམ་འབད་དེ་ བཞེངས་གནང་ནུག།
དེ་ལས་རྫོང་འདི་ ལོ་གཉིས་ཀྱི་ཤུལ་ལས་ ༡༦༣༡ ལུ་ བཞེངས་ཚར་དེ་ཡོདཔ་དང་ མིང་ཡང་ གསང་སྔགས་ཟབ་དོན་ཕོ་བྲང་ཟེར་བཏགས་གནང་ནུག།