སེམས་རྟོགས་ཁ་རྫོང་། Ι Simtokha Dzong

ངོ་སྤོད།

ཞུན་དག

འབྲུག་རྒྱལ་ཁབ་ནང་ལུ་ སྔོན་བྱོན་རྒྱལ་བ་གོང་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ མང་རབས་ཅིག་བྱོན་ཏེ་ལྷ་ཁང་དང་ རྫོང་གཞིས་དགོན་སྡེ་ཚུ་བཞེངས་ཏེ་ སངས་རྒྱས་བསྟན་པ་དར་བའི་སྡེ་ལེ་ཤཱ་བཙུགས་གནང་ནུག། དེ་གི་ནང་ལས་ དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ རྒོལ་བ་ངན་པ་ག་ཅི་བཟུམ་བྱུང་རུང་ ཐུགས་ངལ་བ་མེད་པར་རྒྱལ་ཁབ་རང་དབང་ལྷག་པར་བརྙེས་ཐབས་དང་ ལྷ་དང་བླ་མའི་ལུང་བསྟན་བསྟར་ ལུགས་གཉིས་བསྟན་པའི་ཕྱག་འགན་ལྷད་མེད་དུ་བཞེས་ཏེ་ རྒྱལ་ཁབ་ཀྱི་ས་གནས་ཁག་མ་འདྲཝ་ཚུ་ནང་ འགྲོ་བ་མི་དང་ལྷ་འདྲེ་གདུག་པ་ཅན་ཚུ་ དམ་ལུ་བཏགས་ཏེ་བསྟན་དང་འགྲོ་བའི་དོན་ལུ་ རྫོང་གཞི་ཁག་མ་འདྲཝ་ལེ་ཤཱ་ཡོདཔ་ཨིན། དེ་གི་ནང་ལས་ ཐིམ་ཕུག་རྫོང་ཁག་ཤར་ཝང་སྤ་གསུམ་ལུ་ འགྱོ་སའི་ལམ་རྒྱ་གྲམ་ལུ་བཞེངས་ཡོད་པའི་ གསང་སྔགས་ཟབ་དོན་ཕོ་བྲང་འདི་ཡང་ རྒྱལ་ཁབ་རང་དབང་འཐོབ་པའི་རྟེན་འབྲེལ་ལུ་དམིགས་ཏེ་ བཞེངས་གནང་ནུག།

ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ཡབ་བསྟན་པའི་ཉི་མའི་ལུང་བསྟན་དང་ རང་བྱུང་ཁར་ས་པ་ཎིའི་ཐུགས་དམ་གྱི་བརྟག་པ་ ཆོས་སྐྱོང་ཡེ་ཤེས་མགོན་པོ་ལྕམ་དྲལ་ཚུ་གིས་ བླ་མའི་ཅི་གསུང་བཀའ་བཞིན་བསྒྲུབ་ནིའི་དམ་བཅའ་དང་ ལུགས་གཉིས་བསྟན་པ་བསྐྱང་དགོ་པའི་བསྐུལ་བ་ཕུལ་མི་ལ་སོགས་པའི་རྟགས་དང་ རྟེན་འབྲེལ་ཚུ་ལུ་གཟིགས་ཏེ་ རབ་བྱུང་༡༡ པའི་ས་སྦྲུལ་ལོ་ སྤྱི་ལོ་༡༠༢༩ ལུ་རྨང་གཞི་བཙུགས་གནང་ནུག། ཞབས་དྲུང་རིན་པོ་ཆེའི་རྣམ་ཐར། (༢༠༠༨ ཤོག་གྲངས་༡༦༧) ལྟར་དུ་འབད་བ་ཅིན་ རྫོང་བཞེངས་པའི་སྐབས་ བླམ་ཁག་ལྔ་གིས་ངོ་རྒོལ་གྱི་དམག་དང་ཆུ་བཅད་ནི་ ཞབས་དྲུང་གི་སློབ་མ་ཆོས་ཞུ་མི་ཚུ་བསད་ནི་ དེ་ལས་ལྟོ་རྒྱགས་བཀལ་ནི་ལས་བཀག་ཆ་འབད་དེ་ བར་ཆད་ལེ་ཤཱ་རྐྱབ་རུང་ རྟ་མགོ་ཆོས་རྗེ་ཚེ་དབང་བསྟན་འཛིན་གྱིས་ བསོད་སྙོམས་མཛད་དེ་ཕུལ་ནི་ ལ་སོགས་པའི་འགོ་འདྲེན་འཐབ་སྟེ་ལོ་ངོ་གཉིས་ཀྱི་རིང་ རྫོང་གི་དབུ་རྩེ་ཟུར་བཅུ་གཉིས་ ཕྱི་འཁྱམས་འཁོར་ཡུག་དང་བཅས་གྲུབ་སྟེ་ མིང་ཡང་གསང་སྔགས་ཟབ་དོན་ཕོ་བྲང་ཟེར་བཏགས་གནང་ནུག།

རྫོང་གཞི་འདི་གི་ཕྱི་ནང་གི་བཟོ་བཀོད་འདི་ སྤྱིར་བཏང་རྫོང་གཞིས་ག་རའི་མཇལ་ཚུལ་དང་ ཅོག་ར་འཐདཔ་སྦེ་རང་ལུགས་འབྲུག་པའི་རྫོང་གཞིའི་བཟོ་བཀོད་དང་ལྡནམ་འབད་འཇལཝ་ཨིན། འབྲུག་གི་རྫོང་གཞི་ཆགས་རབས། (སྤྱི་ལོ་མེད་ཤོག་གྲངས་༦༨) དང་འཁྲིལ་བ་ཅིན་རྫོང་གི་ཁྱོན་ཚད་འདི་ ཕྱི་འཁྱམས་དང་ནང་དབུ་རྩེ་གཉིས་ཆ་ར་རྩིས་ཏེ་ ས་གཞི་ཁྱོན་ཕལ་ཆེར་ཕིཊ་གྲུ་བཞི་༣༤༠༠༠ ༼སུམ་ཁྲི་བཞི་སྟོང་༽ དེ་ལས་དབུ་རྩེ་ཁྱོན་ཚད་ཕལ་ཆེར་ཕིཊ་་གྲུ་བཞི་༤༦༢༩ ༼བཞི་སྟོང་དྲུག་བརྒྱ་ཉེར་དགུ༽ རྫོང་གི་མཐོ་དམན་དབུ་རྩེ་ཚུན་ཕིཊ་་༧༥ དེ་ཅིག་ཡོདཔ་ཨིན་པས།

ནང་རྟེན།

ཞུན་དག
 
སྐུ་གསུང་ཐུགས་རྟེན།

བྱིན་རླབས་ཅན་གྱི་སྐུ་གསུང་ཐུགས་རྟེན་བཞུགས་ཡོདཔ་ད་ གློ་འབུར་དབུས་ཀྱི་རྟེན་གྱི་གཙོ་བོ་སྟོན་ཤཱཀྱའི་རྒྱལ་པོ་ རྒྱུ་གསེར་ཟངས་ལས་གྲུབ་པ་ཐོག་ཚད་ཅན་དེ་གི་ གཡས་གཡོན་ལུ་བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད་དང་ མཆོག་ཟུང་བཞུགས་པའི་རྒྱབ་ཡོལ་ལུ་ འོད་ཟེར་པ་ཏྲ་རྣམས་ གསེར་གྱི་གཟི་འོད་འབར་བའི་ལྡེབས་རིས་དང་ གནས་བརྟན་བཅུ་དྲུག་གི་ལྡེབས་རིས་ཚུ་ཡོདཔ་ཨིན། གློ་འབུར་གྱི་གཡས་ཁ་ཐུག་ལུ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ ཕྱག་བཞི་པ་དང་ཕྱག་གཉིས་པ་བཅས་སྐུ་འདྲ་གསུམ་དང་ བཀའ་རྒྱུད་གསེར་ཕྲེང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ སྤྲུལ་གཞི་ཚུ་གི་ལྡེབས་རིས་ཚུ་ཡོདཔ་ཨིན། གློ་འབུར་གྱི་གཡོན་ཕྱོགས་སུ་ དཔལ་ལྡན་འབྲུག་པའི་བཀའ་སྲུང་ཆེན་པོ་ དཔལ་ཡེ་ཤེས་མགོན་པོའི་ལྕམ་དྲལ་གསུམ་གྱི་མགོན་ཁང་ཚུ་ཡོདཔ་ཨིནམ་ད་ དེ་ནང་གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་དང་ མགོན་ཁང་གི་འབུར་སྐུ་ལྡེབས་རིས་ཚུ་ཡོདཔ་ཨིན། འབྲུག་རྒྱལ་ཁབ་ནང་ ཡེ་ཤེས་མགོན་པོའི་མགོན་ཁང་དང་པ་ རྫོང་འདི་ནང་བཞེངས་ཡོདཔ་མ་ཚད་ ཡེ་ཤེས་མགོན་པོའི་སྐུ་འདྲ་ཡང་སྦོམ་ཤོས་ར་ དེ་ནང་རྐྱངམ་ཅིག་མ་གཏོགས་གཞན་ཁར་མེདཔ་ལས་ མགོན་ཁང་རྩ་ཅན་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་པས། དེ་ལས་དབུ་རྩེའི་སྦུག་གི་འདུ་ཁང་ནང་ གསེར་བྲིས་ཅན་གྱི་སངས་རྒྱས་སྟོང་གི་ལྡེབས་རིས་ཡོདཔ་ཨིན།

ནང་རྟེན་གྱི་གྲངས་སུ་ རྒྱལ་བའི་གསུང་རབ་བཀའ་འགྱུར་དང་ འབུམ་བྲིས་མ་དང་ སྐུ་རྟེན་རྡོ་ལྷ་ཚུ་ཡོདཔ་ཨིན། འབུམ་བྲིས་མ་དེ་ གཞན་དང་མ་འདྲ་བའི་བྱིན་རླབས་ཅན་སྦེ་བརྩི་དགོ་མི་འདི་ སྤ་དགའ་དགོན་པའི་དགེ་བཤེས་ ཀུན་དགའ་རྒྱལ་མཚན་ཁོ་རང་ཉག་རྐྱང་གིས་ཞལ་ལས་ འཇམ་དཔལ་མཚན་བརྗོད་འདོན་ཡི་ར་ ཉིནམ་རེ་ལུ་ཤོག་གྲངས་བཅུ་བཞི་རེ་དང་ དུས་བཟང་སྐབས་ཤོག་གྲངས་བཅོ་ལྔ་རེ་བྲིས་བྲིསཝ་ཨིནམ་ལས་བརྟེན་ཨིན་པས། དེ་མ་ཚད་ སྡེ་སྲིད་གསུམ་པ་ཆོས་རྒྱལ་མི་འགྱུར་བརྟན་པ་མཆོག་གིས་ བལ་པོའི་བཟོ་བོ་ཚུ་གདན་དྲངས་ཏེ་ བདེ་གཤེགས་སོ་ལྔ་ སྨན་བླ་མཆེད་བརྒྱད་ གནས་བརྟན་བཅུ་དྲུག་ སྒྲོལ་མ་ཉེར་གཅིག་ གུ་རུ་མཚན་བརྒྱད་ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ ཚེ་ལྷ་རྣམ་གསུམ་ རིགས་གསུམ་མགོན་པོ་ གྲུབ་ཆེན་བརྒྱད་ཅུ་ རྗེ་འབངས་ཉེར་ལྔ་ བཀའ་བརྒྱུད་གསེར་ཕྲེང་སོགས་ སངས་རྒྱས་བྱང་སེམས་ཀྱི་སྐུ་རྟེན་བསྡོམས་སུམ་བརྒྱ་དེ་ཅིག་ རྡོ་ནག་འབུར་དུ་བརྐོ་གནང་ནུག། དེ་ལས་དབུ་རྩེའི་ཀ་སྤུངས་ནང་ འཕགས་ལམ་ཡན་ལག་བརྒྱད་མཚོན་པའི་ཀ་བ་བརྒྱད་ རྒྱལ་ཆེན་རིགས་བཞི་ ངང་ཚོ་རལ་གྲི་ སྲིད་པ་འཁོར་ལོ་ མཐུན་པ་སྤུན་བཞི་ རྣམ་བཅུ་དབང་ལྡན་ལ་སོགས་པའི་ལྡེབས་རིས་ཡོདཔ་ཨིན། (འབྲུག་གི་རྫོང་གཞི་ཆགས་རབས། སྤྱི་ལོ་མེད་ཤོག་གྲངས་༤༢-༤༦) ཟེར་བཀོད་ནུག།

བྱུང་རབས།

ཞུན་དག

རྫོང་འདི་དུས་ཧེ་མ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ རྩ་ཅན་ཅིག་འབད་བརྩི་འཇོག་འབད་ཡོདཔ་ཨིནམ་ད་ སྐྱེས་ཆེན་དམ་པ་མང་རབས་ཅིག་ དེ་ནང་བཞུགས་ཡོདཔ་ཨིན་པས། འབྲུག་དཀར་པོ་ (གནམ་ལོ་མེད་༡༩༨༦ ཤོག་གྲངས་༡༠༤) ལས་ "རྫོང་འདི་ནི་འབྲུག་གཞུང་གི་ཆོས་སྲིད་གཉིས་ཀྱི་མཛད་ཕྲིན་ མངའ་ཐང་རྒྱས་པའི་རྟེན་འབྲེལ་ ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་དགོས་པ་ཡིན།" ཟེར་བཀོད་དེ་འདུག། དེ་གི་ནང་ལས་ རྫོང་འདི་བཞེངས་པའི་སྐབས་ལས་རང་ ཉི་མ་རྫོང་བཞེངས་ ཕྱི་རུ་ཨ་རྟག་ར་ཕྱག་ཆེན་ཆོས་དྲུག་ ལ་སོགས་པའི་གསང་སྔགས་ཀྱི་ཆོས་འཁོར་རྒྱུན་མ་ཆད་པར་བསྐོར་བའི་རྟེན་འབྲེལ་ཡོདཔ་ད་ ཤུལ་ལས་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྟེན་འབྲེལ་ལུ་དགོངས་ཏེ་རིག་གཞུང་ལྷབ་སའི་ལྟེ་བ་འབད་བཙུགས་གནང་ནུག། དེ་གི་ཤུལ་ལས་ གཞུང་གྲྭ་ཚང་གིས་བརྩིས་བཞེས་ཏེ་ ད་རེས་ནངས་པའི་རིང་ལུ་ དགེ་འདུན་གྱི་སྡེ་བཙུགས་ཏེ་ཡོདཔ་ཨིན། (རྫོང་གཞི་ཆགས་རབས། སྤྱི་ལོ་མེད་ཤོག་གྲངས་༥༦-༥༧)

རྫོང་གཞི་འདིའི་མཛེས་པའི་བཟོ་བཀོད་དང་ ཞབས་དྲུང་རིན་པོ་ཆེའི་བྱིན་རླབས་ཆུ་རྒྱུན་ལས་བརྟེན་ ད་རེས་ནངས་པ་རྒྱལ་ཁབ་ཕྱི་ལས་འོང་མི་བལྟ་བཤལཔ་ཚུ་ལུ་ རང་བཞིན་གནས་སྟངས་མཛེས་པའི་སྦུག་ལུ་ འབྲུག་གི་རྫོང་གཞི་ཚུ་གི་བཟོ་བཀོད་དང་ ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཤིང་བཟོའི་རིགས་ཚུ་ དངོས་སུ་ངོམས་དུ་རུང་བ་འབད་ སྟོན་ཚུགས་པའི་རྫོང་གཞི་ཅིག་ཨིནམ་མ་ཚད་ ས་གནས་འདི་ཁ་ལས་ མཐོང་གསལ་ཆེ་བའི་ཐིམ་ཕུག་ཁྲོམ་ཚོགས་དང་ སྟོན་པ་རྡོར་གདན་མའི་སྐུ་འདྲ་ཚུ་ གསལ་རི་རི་འབད་མཇལ་ཚུགསཔ་ཨིན། རྒྱལ་ཁབ་ནང་གི་མི་སེར་ཆེ་འབྲིང་ཆུང་གསུམ་ལུ་ རྟེན་ཁྱད་པར་ཅན་ཚུ་གི་བྱིན་རླབས་ ཞུ་སའི་ཡུལ་ཅིག་ལུ་འགྱུར་ཡོདཔ་ཨིན། དེ་གིས་ཡང་མ་དོ་བར་ བྱིན་རླབས་ཅན་གྱི་ཞབས་དྲུང་རིན་པོ་ཆེ་དང་སྲས་འཇམ་དཔལ་རྡོ་རྗེའི་གཟིམ་ཅུང་ དགྲ་རྫོང་མཛོད་ཁང་ལ་སོགས་པ་ ད་ལྟོའི་བར་ན་ཡང་འགྲེམས་སྟོན་འབད་དེ་ཡོདཔ་ཨིན།

མཇུག་སྡུད།

ཞུན་དག

འབྲུག་མི་ཀུན་གྱི་ལྷ་སྐལ་ལས་བརྟེན་ སྐྱེས་བུ་དམ་པ་ལེ་ཤཱ་བྱོན་པའི་ནང་ལས་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ བླམ་ཁག་ལྔ་དང་བོད་དམག་གི་ག་ཅི་བཟུམ་བྱུང་རུང་ ཞལ་མ་སུན་པར་ལུང་བསྟན་དང་འཁྲིལ་ དངོས་ཅན་འགྲོ་བ་མི་དང་དངོས་མེད་ལྷ་འདྲེ་ལ་སོགས་པ་ བཀའ་དང་དམ་ལུ་བཏགས་ ཕྱག་ཆེན་ཆོས་དྲུག་ལ་སོགས་པའི་བསྟན་པ་སྤེལ་ཡི་ར་ རྫོང་གཞི་དང་པ་གསང་སྔགས་ཟབ་དོན་ཕོ་བྲང་འདི་ཡང་ ལེགས་ཤོམ་སྦེ་གྲུབ་གནང་ནུག། རྫོང་གཞི་འདི་ལས་བརྟེན་ སྐྱེས་ཆེན་དམ་པ་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ ཆོས་རྒྱལ་རིམ་བྱོན་ལ་སོགས་པ་ཚུ་གིས་ཡང་ དེ་ཁར་བཞུགས་ཏེ་ རྒྱལ་ཁབ་རང་དབང་ལྷག་པར་འཐོབ་པའི་ ཕྱག་ལཱ་གནང་སའི་ལྟེ་བ་ཅིག་སྦེ་ལག་ལེན་འཐབ་ནུག། རྫོང་གཞི་འདི་ ད་རེས་ནངས་པའི་རིང་ལུ་ཡང་ རྒྱལ་ཁབ་ཀྱི་སངས་རྒྱས་བསྟན་པའི་སྡེ་བཙུགས་ཏེ་ ཉམས་པ་མེད་པར་གཟི་བརྗིད་ཆེ་ཏོག་ཏོ་སྦེ་མཇལ་ཚུགསཔ་ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡༽   དགེ་འདུན་རིན་ཆེན། (ཀེ་ཨེམ་ཀྲི་པར་མ་གནམ་ལོ་མེད་༢༠༠༨) ཞབས་དྲུང་རིན་པོ་ཆེའི་རྣམ་ཐར། འབྲུག། ཐིམ་ཕུག། ཀེ་ཨེམ་ཀྲིདཔེ་སྐྲུན་ཁང་།

༢༽   གནག་མདོག། (གནམ་ལོ་མེད་༡༩༨༦) འབྲུག་དཀར་པོ། New Delhi. India. Indraprastha Press.

The National Museum of Bhutan. (སྤྱི་ལོ་མེད) འབྲུག་གི་རྫོང་གཞི་ཆགས་རབས། Thimphu. Bhutan. KMT Press.