ཤུག་བྲག་སེངྒེ་རྫོང་། Ι Shukdra Singye Dzong
ངོ་སྤོད།
ཞུན་དགབུམ་ཐང་རྫོང་ཁག་འདི་ སའི་ཆགས་ཐངས་ཀྱི་བཀོད་པ་མཛེས་པའི་ཁར་ གནས་རྩ་ཅན་དང་ལྷ་ཁང་དགོན་སྡེ་གིས་གང་སྟེ་ཡོདཔ་ཨིན། རྫོང་ཁག་འདི་ནང་ གནས་རྩ་ཅན་ལེ་ཤ་ཡོད་པའི་གྲས་ལས་ གུ་རུ་རིན་པོ་ཆེའི་བྲག་ཆེན་བཞི་ཡོདཔ་དང་ དེའི་ནང་ལས་ཤུག་བྲག་སེངྒེ་རྫོང་འདི་ བྱིན་རླབས་ཅན་དང་ རྩ་ཆེ་ཤོས་ཅིག་སྦེ་བརྩིཝ་ཨིན། དེ་ཡང་ བུམ་ཐང་ཆོས་འཁོར་རྒེད་འོག་ནང་ རྒྱ་མཚོ་ལས་མི་ཀྲར་༢༧༡༠ གྱི་ས་ཁར་ཆགས་ཏེ་ཡོདཔ་དང་། གནས་འདི་ཡང་ དུས་རབས་བརྒྱད་པའི་ནང་ཨོ་རྒྱན་རིན་པོ་ཆེ་གིས་ ལྷ་སྲིན་གདུག་པ་ཅན་ཚུ་ དམ་ལུ་བཏགས་ཞིན་ན་ས་རྡོ་རི་བྲག་ག་ར་ཟབ་གཏེར་གྱིས་བཀང་། སྐུ་རྗེས་དང་ཕྱག་ཞབས་ཀྱི་རྗེས་ བསམ་གྱིས་མ་ཁྱབ་སྦེ་བཞག་གནང་སའི་གནས་ ཁྱད་པར་ཅན་ཅིག་ཨིན་པས།
ཤུག་བྲག་སེངྒེ་རྫོང་སྐོར།
ཞུན་དགགནས་འདི་གི་སྐོར་ལས་ བུམ་ཐང་ལྕགས་མཁར་རྒྱལ་པོ་ སིནྡྷུ་རཱ་ཛའི་རྟོགས་བརྗོད་རབ་གསལ་མེ་ལོང་ (གནམ་ལོ་མེད་༢༠༡༩ ཤོག་གྲངས་༣༢) ནང་ “དེ་ནས་ཨོ་རྒྱན་ཁྲག་འཐུང་པདྨ་དྲག་པོའི་སྐུར་བཞེངས་ཏེ། ཤུག་བྲག་ཏུ་ཕེབས་ནས་ བྲག་ཕུར་པ་འདྲ་བའི་སྟེང་དུ་བཞུགས་ཏེ། བྲག་ལ་སྐུ་ཡི་རྗེས་དང་ཕྱག་ཞབས་ལ་སོགས་པའི་རྗེས་བཞག་སྟེ། བདུད་ཀྱི་སྡེ་དཔོན་ སྲིན་པོ་དགའ་བྱེད་གཞོན་ནུ་དམ་ལ་བཏགས། ཡུལ་ལྷ་གཏེར་སྲུང་ཐམས་ཅད་གཙིགས་སུ་ཕབ་ནས་བཀའ་ཡི་སྲུང་མར་བསྐོས།” ཟེར་བཀོད་དེ་འདུག། དེ་བཟུམ་སྦེ་གནས་ཡིག་ཀུན་ཕན་ལམ་སྟོན་གླེགས་བམ་༥ པ (གནམ་ལོ་མེད་ཤོག་གྲངས་༢༩) ནང་ “གནས་ཀྱི་འབྱུང་ཁུངས་དེ་ཡང་ རྒྱལ་པོ་སིནྡྷུ་རཱ་ཛ་ཡུམ་སྲས་ཚུ་ལུ་ཨོ་རྒྱན་གྱི་སློབ་དཔོན་ པདྨ་སམྦྷ་ཝ་གིས་ གསང་སྔགས་རྡོ་རྗེ་ཐེགས་པའི་ཆོས་ཀྱི་བཀའ་དབང་ རྒྱ་ཆེན་པོ་གནང་བའི་སྐབས་ ཡུལ་དེ་ཁར་ཤིན་ཏུ་མ་རུངས་པའི་སྲིན་པོ་དགའ་བྱེད་ཟེར་མི་གི་ཁ་གནོན་ལུ་ བྲག་དམར་རྡོ་རྗེ་བརྩེགས་པའི་བྲག་ཕུག་ནང་ ཐུགས་དམ་ལུ་བཞུགས་ཏེ་ དབང་དྲག་པདྨ་ཐོད་ཕྲེང་ཁྲོ་བོ་རོལ་པའི་སྐུར་བཞེངས་ཏེ་ བདུད་ཀྱི་ཚོགས་གེ་ར་བཏུལ་བའི་གཟུགས་དང་ཕུང་པོ་ཚུ་ སྲ་མཁྲེགས་རྡོའི་རྣམ་པ་ལུ་བྱིན་གྱིས་བརླབས་ཏེ་དམ་ལུ་བཏགས་པའི་རྟགས་མཚན་ལུ་ ལུས་ཀྱི་ཁོག་པ་གན་རྐྱལ་སྦེ་བཞག་མི་ལུ་ སྐུ་ཡི་དཀྱིལ་འཁོར་གྱི་རྗེས་ཤུལ་ མངོན་སུམ་སྦེ་བཞག་གནང་ས་དེ་ལུ་ ཤུལ་བྲག་ཟེར་བའི་མཚན་གནས་བྱུང་ནུག། ཨིན་རུང་ཟུར་ཉམས་ཏེ་ ཤུག་བྲག་ཟེར་ཡོངས་གྲགས་སོང་ཡོད། ངག་རྒྱུན་ལས་-གནས་འདི་ཁར་ གུ་རུའི་བཞུགས་ཁྲི་ཡ་མཚན་ཆེ་ཏོག་ཏོ་སྦེ་ཡོདཔ་ལས་ བཞུགས་བྲག་སྦེ་ཡང་བཤད་སྲོལ་འདུག” ཟེར་བཀོད་དེ་ཡོད་དོ་བཟུམ་ཨིན་པས།
སྔགས་འཆང་ཁམས་གསུམ་ཡོངས་གྲོལ་གྱིས་མཛད་པའི་ བུམ་ཐང་ཤུག་བྲག་སེངྒེ་རྫོང་གི་གནས་ཡིག་ ཉུང་ངུར་བསྡུས་པ་དོན་གྱི་སྙིང་པོ་ལྟར་དུ་འབད་བ་ཅིན་ཧེ་མ་མོན་བུམ་ཐང་ལུ་ སྲིན་པོའི་རྒྱལཔོ་མཧཱ་རཱ་ཛ་ཟེར་མི་ཅིག་གིས་ འབྱུང་པོ་མི་མ་ཡིན་ཚུ་གི་དཔོན་འབད་ཞིན་ན་ ལུང་ཕྱོགས་དེ་ནང་གི་སྐྱེ་འགྲོ་སེམས་ཅན་ཚུ་ལུ་ གནོདཔ་བཀལ་བའི་སྐབས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ དབང་དྲག་པདྨ་ཐོད་ཕྲེང་ཁྲོ་བོའི་རྒྱལ་པོའི་སྐུར་བཞེངས་ཏེ་ སྲིན་པོའི་རྒྱལཔོ་འཁོར་དང་བཅསཔ་བཏུལ་ཞིནམ་ལས་ གཟུགས་ཀྱི་ཕུང་པོ་དེ་ རྡོ་ལུ་བྱིན་གྱིས་བརླབས་ཏེ་ གཟུགས་གུར་ཞབས་གཉིས་ཀྱིས་འདམ་བཟུམ་སྦེ་བསྣད། མགུ་ཏོ་དང་ལུས་ཀྱི་ཡན་ལག་དེ་ཚུ་ ཕྱོགས་དང་ཕྱོགས་མཚམས་ག་ར་ནང་བརྡལ་ཏེ་ ཕྱག་དང་ཞབས་ཀྱི་རྗེས་ཚད་མེདཔ་སྦེ་ བཞག་གནང་སའི་གནས་མཆོག་ཏུ་གྱུར་པ་ཅིག་ཨིན་པས། དེ་ཡང་གནས་དེ་གི་རི་རྩེ་ལས་ གཙང་ཆུ་གི་འགྲམ་ཚུན་གྱི་ནགས་ཚལ་གྱི་བཀོད་པ་དེ་ ཕྱི་ལྟར་དུ་ལྕགས་ཀྱི་སྡིག་པ་ར་ཙ་མགོ་དགུ་པ་ གྱེན་ལུ་རྒྱུག་དོ་བཟུམ་ཡོདཔ་དང་། ནང་ལྟར་དུ་འབད་བ་ཅིན་གཡས་དང་གཡོན་ དེ་ལས་དབུས་ཀྱི་ལུང་པ་ཆུང་ཀུ་གསུམཔོ་དེ་ རྡོ་རྗེ་རྩེ་དགུ་པ་ཕྱེད་པའི་དབྱིབས་ཀྱི་ལྟེ་བ་ལུ་ སྒྲུབ་ཕུག་ཕོ་བྲང་དང་བཅསཔ་སྦེ་ཡོད་པ། གསང་བ་ལྟར་ན་ ལུང་པ་གསུམ་ལས་འབབ་པའི་ཆུ་གསུམཔོ་དེ་ རྩ་དབུ་མ་རོ་མ་རྐྱང་མ་གསུམ་གྱི་བརྡ་མཚོན་སྦེ་འབབ་དོ་ཡོདཔ་དང་། ཡང་གསང་ལྟར་དུ་འབད་བ་ཅིན་ གཟུང་འཛིན་གཉིས་ཀྱི་རྒྱུ་བ་ ཕྲ་རག་དང་བཅསཔ་གཞི་དབྱིངས་མི་ཤིགས་དབུ་མའི་སྦུབས་སུ་ཐིམ་པའི་བརྡ་ལུ་ ཆུ་གསུམཔོ་དེ་ཡང་མཇུག་གཅིག་ཁར་བསྡོམས་ཏེ་ཡོདཔ་ ལ་སོགས་པའི་གནས་མཆོག་དེ་ལུ་དབྱེ་བ་ཅིན་ རྫོང་གསུམ་སྦེ་ཡོདཔ་ཨིན་པས།
ལམ་སྟོན་དང་བྱིན་རླབས།
ཞུན་དགདེ་ཡང་ཕུ་ལུ་ བྲག་དཀར་ནམ་མཁའ་རྫོང་། བར་ན་བདུད་འདུལ་སེངྒེ་རྫོང་། མདའ་ལུ་ཁྱུང་ཆེན་མཁའ་ལྡིང་རྫོང་གསུམ་གྱིས་གཙོས་པའི་ རི་བྲག་ག་ར་ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྐུ་དང་ ཕྱག་ཞབས་ཀྱི་རྗེས་ལ་སོགས་པ་ བསམ་གྱིས་མ་ཁྱབ་སྦེ་བཞུགས་ཡོདཔ་དང་། གཡས་ཀྱི་ལུང་པའི་མདའ་ལུ་ བྲག་རི་སེངྒེ་ཐུར་ལུ་རྒྱུག་དོ་བཟུམ་གྱི་ གཡས་ཟུར་ལུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ སྒྲུབ་ཕུག་བདེ་ཆེན་གསང་ཕུག་ཟེར་ཞུ་མི་བྱག་ཕུག་པདྨ་ཁ་ཕྱེ་ཕྱེཝ་བཟུམ་ཅིག་ཡོདཔ་དང་། དེ་གི་སྒོའི་ལྟག་ལུ་ ཡི་གུ་མ་ཡིག་རང་བྱོན་དང་ སྒོའི་མདུན་གྱི་གཡོན་ཕྱོགས་ལུ་ཧཱུཾ་རང་བྱོན། ནང་གི་གཡས་ཕྱོགས་ལུ་ བྱི་ཙི་ཐར་བའི་དོང་ཅིག་ཡོད་མི་དེ་གི་ནང་ན་ གཡོན་ཕྱོགས་ལུ་རྡོ་དཀར་གྱི་གཡུང་དྲུང་རང་བྱོན་དང་ རིན་ཆེན་གླིང་པས་ཟབ་གཏེར་གྱི་ཤོག་སེར་བཞེས་སའི་བྱག་ཕུག་གི་ནང་ནའི་དབྱིབས་ ནོརབུ་དགའ་འཁྱིལ་བཟུམ་ཡོདཔ་ཨིན་པས། བྱག་དེ་གི་ལྟག་ལུ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཞབས་རྗེས་དང་བྱག་གི་ལོགས་ལུ་ ནོརབུ་དགའ་འཁྱིལ་དམར་སེར་རང་བྱོན། དེ་གི་འོག་ལུ་གསོལ་ཐབ་རང་བྱོན་དང་བཅསཔ་སྦེ་ གསལ་ཏོག་ཏོ་སྦེ་མཇལ་ནི་ཡོད།
རི་དེའི་རྒྱབ་ལུ་ཀེ་ཀེ་སྦེ་འགྱོཝ་ད་ གཤིན་རྗེའི་ལས་སྦྱོར་གནམ་ལྕགས་ཨུར་མོའི་རང་འཐག་ འཁོར་ལོ་ཁ་སྦྱོར་རང་བྱོན། ལུང་པའི་སྦུག་གི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་སྨན་ཆུ་དེ་ལུ་ ཁྲུས་འབདཝ་ཙམ་གྱིས་སྡིག་སྒྲིབ་ག་ར་འཇོམས་ཚུགསཔ། དེ་གི་གཡོན་ཕྱོགས་ལུ་ བྲག་དཀར་བཀྲ་ཤིས་ཆོས་རྫོང་ཟེར་ས་ལུ་ གུ་རུ་རིན་པོ་ཆེའི་བཞུགས་ཁྲི་རང་བྱོན་ ཞལ་ལྷོ་ནུབ་ཁ་ཐུག་ལུ་གཟིགས་མི་དེ་གི་རྒྱབ་ཡོལ་ལུ་ མཚལ་གྱི་མཁའ་འགྲོའི་བརྡ་ཡིག་གྱངས་ཁ་མེདཔ་ཅིག་ མཇལ་ཚུགས་པའི་ཁར། གསོལཝ་བཏབ་ཙམ་གྱིས་ རང་གི་རྒྱུད་ལུ་རྡོ་རྗེའི་ཡེ་ཤེས་སྐད་ཅིག་ཡུད་ཙམ་ཅིག་ནང་ སྐྱེ་ཚུགས་པའི་གུ་རུའི་ཞབས་རྗེས་ བྱིན་རླབས་ཅན་ཅིག་ཡང་མཇལ་ནི་ཡོད།
དེ་གི་སྦོ་ལོགས་ཁར་ཡར་ཙི་ཡར་ལྟག་ལས་ ཤར་ཁ་ཐུག་ལུ་འགྱོཝ་ད་ བྱག་རི་དར་དཀར་གྱི་ཡོལ་ལི་སྤྲིངས་སྤྲིངསམ་བཟུམ་གྱི་ལོགས་ལུ་ སྐྱེ་མེད་ཀྱི་ཡི་གུ་ཨ་ཡིག་སྦོམ་ཅིག་དང་། མཚལ་གྱིས་བྲིས་བྲིས་བའི་ མཁའ་འགྲོའི་བརྡ་རིས་གྱངས་ཁ་མ་ཆོདཔ་ཅིག་དང་། རང་བྱོན་ཟབ་གཏེར་གྱི་སྒོ་ཟངས་ཀྱིས་བསྡམས་པའི་རྡོ་ཆལ་ཚུ་ཡང་མཇལ་ནི་ཡོདཔ་ཨིན། དེའི་སྦོ་ལོགས་ཁར་ སེངྒེ་ཁ་བརྒྱངས་བརྒྱངསམ་བཟུམ་གྱི་ཟ་ལྟབ་གཡས་པ་ལུ་ བྱག་ཕུག་གི་སྒོ་ཆོས་འབྱུང་བསྣོལ་བ་ལྟ་བུའི་ནང་ གུ་རུ་རིན་པོ་ཆེ་གིས་ལྷ་སྲིན་གདུག་པ་ཅན་ཚུ་ དམ་བཏགས་ནིའི་དགོངས་པ་མཛད་དེ་བཞུགས་པའི་ གུ་རུའི་གསང་ཕུག་བཞུགས་གདན་གཉིས་བརྩེགས་རང་བྱོན་དང་། དེའི་ལྟག་ལས་ ཡར་ཕྲང་ཕྲང་འགྱོ་སའི་ བྱང་ཆུབ་ཀྱི་ལམ་གྱི་རྡོན་ཁྲི་རང་བྱོན་སྦེ་མཇལ་ནི་ཡོད།
དེ་གི་ལྟག་གི་བྱག་གུར་ རིག་འཛིན་བླ་མ་ཞི་ཁྲོའི་དཀྱིལ་འཁོར་རང་བྱོན་སྦེ་ འབྱོན་ནི་ཨིན་པའི་གཏེར་སྒོ་དང་། ཧེ་མ་ལས་གཏེར་བཞེས་ཚར་མིའི་དོང་རྡོ་དང་ འདམ་གྱིས་བསུབ་ཡོད་མི་དང་། གཞན་ཡང་ ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ རང་བྱོན་ཚུ་མཇལ་ནི་ཡོད། དེའི་རྒྱབ་ཀྱི་ལུང་པ་དེ་གི་ཆུའི་རྒྱུད་ལུ་ གུ་རུ་རིན་པོ་ཆེ་གིས་འཇམ་དཔལ་གཤིན་རྗེ་སྒྲུབ་པའི་བྱག་ཕུག་གི་ཁ་ གཤིན་རྗེའི་ཞལ་བརྒྱངས་བརྒྱངསམ་བཟུམ་གྱི་ལྟག་ལས་མར་ ཆུ་ཤུགས་སྦེ་འབབ་མི་དེ་བྱག་གུར་རེག་ཞིན་ན་ ཆུ་དང་བྱག་ཁ་འཐབ་པའི་འུར་སྒྲ་ འདྲོག་སི་སི་སྦེ་ཡོད་པའི་གནས་འདི་ བཅོམ་ལྡན་བདུད་དགྲའི་དབང་པོའི་དཀྱིལ་འཁོར་དང་ ཅོག་འཐདཔ་ཨིན་རུང་ བཀའ་གཉན་དྲགས་ཡོདཔ་ལས་ ག་ར་གིས་མཇལ་ནི་འདི་འོས་འབབ་མེདཔ་ཨིན་པས།
དེ་གི་གདོང་ཁའི་རི་གི་གཤམ་ལུ་ བྱག་སེངྒེ་གནམ་ཁར་མཆོངས་མཆོངསམ་དང་ འདྲ་བའི་བདུད་འདུལ་སེངྒེ་རྫོང་ཟེར་ ཞུ་མི་བྱག་དེ་གི་རྐེད་པར་མཁའ་འགྲོ་མ་ཚུ་གིས་བརྩིགས་མི་ གུ་རུ་རིན་པོ་ཆེའི་རྡོ་གི་བཞུགས་ཁྲི་ངོ་མཚར་ཅན་དང་། དེ་གི་གཡས་ཕྱོགས་ཀྱི་བྱག་གུར་ གཏེར་བཞེས་སའི་དོང་དང་། བྱག་གི་ལོགས་ལུ་ གུ་རུ་རིན་པོ་ཆེ་ཁྲོས་པའི་སྐུ་རྗེས་དང་། རྫུ་འཕྲུལ་གྱི་ཞབས་རྗེས་གསལ་ཏོག་ཏོ་སྦེ་ མཇལ་ནི་ཡོདཔ་མ་ཚད། གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ སྐུར་བཞེངས་པའི་ཆིབས་དམུ་སྟག་མི་ཟན་གྱི་ ཞབས་རྗེས་ལ་སོགས་པ་དང་། གཞན་ཡང་ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་ གྱངས་ཁ་མ་ཆོདཔ་ཅིག་ རང་བྱོན་སྦེ་བྱོན་ཏེ་ཡོད་མི་གནས་མཆོག་དེ་ལུ་ གསོལཝ་བཏབ་ཙམ་གྱིས་ རང་གི་རྒྱུད་ལུ་རྡོ་རྗེ་གསུམ་གྱི་ཡེ་ཤེས་སྐྱེ་ཚུགས་པའི་བྱིན་རླབས་ཡོདཔ་ཨིན་པས།
དེ་ལས་གནས་ཁྱད་པར་འཕགས་པ་ ཁྱུང་ཆེན་མཁའ་ལྡིང་རྫོང་ཟེར་མི་འདི་ གུ་རུ་རིན་པོ་ཆེ་གིས་མོན་ཡུལ་གྱི་ ལྷ་སྲིན་གདུག་པ་ཅན་ཚུ་བཏུལ་ཞིན་ན་ མ་འོངས་པའི་འགྲོ་བ་སེམས་ཅན་ཚུ་ སངས་རྒྱས་ཀྱི་གོ་འཕང་བཀོད་ནིའི་དོན་ལུ་ གུ་རུ་པདྨ་སམྦྷ་ཝའི་སྐུར་བཞེངས་པའི་སྐུ་རྗེས་ཚུ་མཇལ་ནི་ཡོདཔ་དང་། གནས་དེ་ནང་ བཞེངས་ཏེ་ཡོད་མི་ལྷ་ཁང་ནང་ གུ་རུའི་སྐུ་རྗེས་དང་མཁའ་འགྲོའི་ཞབས་རྗེས་དང་ གུ་རུའི་ཕྱག་དང་ཞབས་རྗེས་ ཡི་གུ་ཡ་དང་ཨ་རང་བྱོན། དེ་ལས་གུ་རུའི་བཞེས་ཆ་ལ་སོགས་པ་ དད་ཅན་ཕྱག་གི་རྟེན་དང་མཆོད་པའི་ཡུལ་སྦེ་ བཞག་ཡོད་མི་ཚུ་མཇལ་ནི་ཡོད།
འདི་བཟུམ་མའི་བྱིན་རླབས་ཅན་གྱི་གནས་དེ་ ཚར་གཅིག་མཇལཝ་ཙམ་གྱིས་སྡིག་པ་ཅན་ཚུ་ཡང་ འཁོར་བ་མཐའ་ཅན་ལུ་གྱུར་ཚུགས་པ་ཅིན་སྐལ་ལྡན་ལས་འཕྲོ་ཅན་ཚུ་གིས་ ཕྱག་དང་མཆོདཔ་ཕུལ་བསྐོར་ར་རྐྱབ། བསྙེན་སྒྲུབ་རེ་གནང་ཚུགས་པ་ཅིན་ ཚེ་རབས་འཁོར་བ་ཐོག་མ་མེད་པ་ལས་བསགས་པའི་ལས་ཀྱི་སྒྲིབ་པ་ཚུ་དག་སྟེ་ ཚེ་རིང་ནད་མེད་ བདེ་སྐྱིད་ཀྱི་དཔལ་ལུ་ལོངས་སྤྱོད་ཚུགས་ནི་དང་། ཕྱི་མ་དཔལ་རི་པདྨ་འོད་ཀྱི་ཞིང་ཁམས་ནང་ ཨོ་རྒྱན་གུ་རུའི་ཞབས་དྲུང་དུ་སྐྱེ་ཚུགསཔ་ ལ་སོགས་པའི་དགོས་པ་ཡོདཔ་ཨིན་ནོ།།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
ཞུན་དག༡༽ ལྕགས་མཁར་བླམ་རྡོ་རྗེ། (གནམ་ལོ་མེད་༢༠༡༩) བུམ་ཐང་ལྕགས་མཁར་རྒྱལ་པོ་སིནྡྷུ་རཱ་ཛའི་རྟོགས་བརྗོད་རབ་གསལ་མེ་ལོང་། འབྲུག། ཐིམ་ཕུག།
༢༽ སྲོལ་འཛིན་ལས་ཁུངས། (གནམ་ལོ་མེད་༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན་གླེགས་བམ་༥ པ། འབྲུག། ཐིམ་ཕུག།