ལྷག་བསམ།
༉ ལྷག་བསམ་འདི་ རྒྱལ་ཁབ་ནང་ནད་གཞི་ཨེཆ་ཨའི་ཝི་ཐོབ་ཡོདཔ་པའི་མི་ཚུ་གི་བར་ན་ མཐུད་འབྲེལ་འབད་ནིའི་དོན་ལུ་ འགོ་དང་པ་ར་ སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༩ པའི་ནང་ལུ་ ཐིམ་ཕུག་ལུ་ ནད་གཞི་ཨེཆ་ཨའི་ཝི་ཐོབ་ཡོད་མི་ ཁོང་སྡེ་ཚན་གཅིག་གིས་སྦེ་འགོ་བཙུགས་ ནུག། དེ་ལས་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༢༦ ལུ་ནད་གཞི་ཨེཆ་ཨའི་ཝི་ཐོབ་ མི་དང་དེའི་བཟའ་ཚང་ཚུ་གི་རྒྱུད་ལུ་ ཤེས་ཡོན་དང་ལྕོགས་གྲུབ་ཚུ་སྒྲིང་སྒྲི་བཟོ་ནི་དང་ཡར་རྒྱས་བཏང་ཞིན་ན་ ལུང་ཕྱོགས་དང་རྒྱལ་སྤྱིའི་གནས་ཚད་ནང་ལུ་ ནད་གཞི་ཨེཆ་ཨའི་ཝི་ཐོབ་སྟེཡོད་མི་ཚུ་དང་ གཅིག་ཁར་ འབྲེལ་བ་གཞི་བཙུགས་འབད་ནིའི་དམིགས་ཡུལ་དང་གཅིག་ཁར་ མི་སྡེ་ལས་ཚོགས་ཀྱི་འོག་ལུ་ཐོ་བཀོད་འབད་ ཡོདཔ་ཨིན་མས། ལྷག་བསམ་གྱིས་ ནད་གཞི་ཨེཆ་ཨའི་ཝི་ལུ་གཅིག་མཐུན་གྱི་ཕན་ནུས་ངོས་ལེན་འབད་ནི་དང་ མི་སྡེ་གཅིག་འབྲེལ་གྱི་དཀའ་ངལ་བསལ་ནིའི་ནང་ལུ་གྲལ་གཏོགས་འབད་ནི་ དེ་ལས་ གཅིག་མཐུན་ལམ་ལུགས་ལུ་གཞི་བཞག་སྟེ་རྒྱབ་སྐྱོར་སྒྲིང་སྒྲི་སྦེ་འབད་ནི་གི་དམིགས་ཡུལ་བཟོ་ནི་དང་རྒྱ་སྐྱེད་གཏངམ་ཨིན་མས། དེ་འབདཝ་ལས་ གསོ་བའི་ལྷན་ཁག་གིས་སེམས་ཤུགས་བྱིན་པའི་ཐོག་ལས་ སྡེ་ཚན་འདི་ རྒྱལ་ཁབ་ནང་གི་ས་གནས་ཐདམ་ཐད་ཁ་ལས་པར་ ག་ཏེ་ཡང་འཕེལ་ཏེ་ གོང་གི་དམིགས་ཡུལ་ཚུ་གུར་ལཱ་འབད་དེ་ཡོདཔ་ཨིན་མས། རྒྱལ་ཁབ་ནང་ལུ་ ད་ལྟོ་ ལྷག་བསམ་གྱི་ནང་ལུ་ འཐུས་ ཨམ་སྲུ་ ༥༡ དང་ཕོ་སྐྱེས་ ༤༥ ཡོདཔ་དང་ བསྡོམས་ཀྱིས་ མི་ངོམ་ ༡༠༧ དེ་ཅིག་ཡོདཔ་ཨིན་མས། ལྷག་བསམ་གྱི་འཛིན་སྐྱོང་ལྷན་སྡེ་ཚོགས་ཆུང་ནང་ལུ་འཐུས་མི་ ༨ ཡོདཔ་དང་ དེ་ཡང་ སྡེ་ཚན་ནང་གི་གྲོས་ཆོད་གལ་གནད་ཅན་ཚུ་བརྩམ་ནིའི་དོན་ལུ་གཞི་བཙུགས་འབད་ཡོདཔ་ཨིན་མས། དེ་ཁའི་ འཛིན་སྐྱོང་མདོ་ཆེན་དང་སྤྱིར་བཏང་དྲུང་ཆེན་ཡང་ ཁོང་རའི་འཐུས་མི་ལས་བཙག་འཐུ་གྲུབ་པའི་ཕོ་སྐྱེས་གཅིག་དང་ཨམ་སྲུ་གཅིག་ཡོདཔ་ཨིན་མས། ༼ལྷག་བསམ། ༢༠༡༨།༽
ལྷག་བསམ་གྱི་འཆར་གཞི་འདི་ཡང་ སྤྱིར་བཏང་འགྲོ་བ་མི་ཆ་མཉམ་ར་དོན་ཁུངས་ཡོད་པའི་མི་ཚེ་སྐྱོང་ནིའི་གོ་སྐབས་ཡོདཔ་སྦེ་བཟོ་ནིའི་དོན་ལུ་ ནད་གཞི་ཨེཆ་ཨའི་ཝི་འཐོབ་མི་ཚུ་ལུ་ མི་སྡེའི་ནང་ཚད་མེད་པའི་ལོ་རྒྱུས་སླབ་ནི་དང་འཇིགས་སྣང་བསྐྱེད་བཅུག་ནི། ཉེ་རིང་ཕྱེ་ནི་དང་། ཉེས་ཅན་ཅིག་སྦེ་བརྩིས་ཏེ་ དམའ་ཕབ་རྐྱབ་ནི་ལ་སོགས་པ་ལས་ཐར་ནི་ཡོདཔ་ཅིག་བཟོ་ནི་འདི་ཨིན་མས། དེ་བཟུམ་སྦེ་ ལྷག་བསམ་ལུ་རྒྱབ་སྐྱོར་གང་དྲག་གནང་ནི་དང་ མཉམ་འབྲེལ་ འབད་དེ་ ང་བཅས་རའི་རྒྱལ་ཁབ་ཀྱི་མི་ཚུ་གི་རྒྱུད་ལུ་ ནད་གཞི་ཨེཆ་ཨའི་ཝི་ཐོབ་ཡོད་པའི་མི་ཚུ་ལུ་འཇིགས་སྣང་བསྐྱེད་ནི་དང་ མི་དེ་ཚུ་ལས་བཟུར་ཏེ་སྡོད་ནི། དེ་མ་ཚད་ ནད་གཞི་ཡོད་པའི་མི་ལུ་ཉེ་རིང་ཕྱེ་ནི་དང་དམའ་ཕབ་རྐྱབ་ནི་ལ་སོགས་པའི་བསམ་པ་ངན་པ་ཚུ་ལེགས་བཅོས་འབད་དེ་ ནད་གཞི་ཐོབ་ཡོད་ པའི་མི་འདི་ ནད་ལས་ཟློག་ཐབས་ལུ་སྨན་བཅོས་དང་གཅེས་སྐྱོང་འབད་དེ་ མི་ཚུ་གི་རྒྱབ་སྐྱོར་གྱི་ཞབས་ཏོག་ལས་བརྟེན་ཏེ་ ནད་ཐོབ་ཡོད་ པའི་མི་གི་འཚོ་བ་ཡང་དོན་དག་ཡོདཔ་ཅིག་སྦེ་སྐྱོང་ཚུགས་པའི་དམིགས་པ་དང་། དེ་ལས་ འབྲུག་པའི་མི་དང་ནད་གཞི་ཐོབ་ཡོད་པའི་མི། ལྷག་པར་དུ་ ནད་གཞི་ཐོབ་མིའི་བཟའ་ཚང་ཚུ་གི་རྒྱུད་ལུ་ ནད་གཞི་ཨེཆ་ཨའི་ཝི་གི་སྐོར་ལས་ཤེས་ཡོན་བྱིན་ནི་དང་ ནད་གཞི་འདི་ལུ་གདོང་ལེན་འབད་ནིའི་ལྕོགས་གྲུབ་ག་ཅི་ར་དགོ་ག་ཚུ་གི་སྐོར་ལས་གནས་ཚུལ་བྱིན་ནི་དང་ཡར་རྒྱས་གཏང་ནི་ལུ་བརྩོན་ཤུགས་བསྐྱེད་པའི་ལས་ཁུངས་གལ་ཆེ་ཤོས་ཅིག་ལུ་འགྱུར་ཐབས་ཀྱི་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས། ༼ལྷག་བསམ། ༢༠༡༨།༽
ལས་ཁུངས་འདི་གིས་ག་ཅི་ར་འབདཝ་སྨོ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་མི་སྡེའི་ནང་ལུ་ ནད་གཞི་ཨེཆ་ཨའི་ཝི་གི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་དེ་ཤེསཔ་བཟོ་དོ་ཡོདཔ་ཨིན་མས། དེ་ཡང་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡ ལུ་རྒྱལ་སྤྱི་ཨེཌིསི་གི་ཉིནམ་དང་འབྲེལ་ཏེ་ ཁོང་ཨེཆ་ཨའི་ཝི་ཐོབ་ཡོད་པའི་མི་ངོམ་ལྔ་གིས་ གཡང་ཟ་བག་ཟ་ག་ནི་ཡང་མེད་པར་ བརྡ་བརྒྱུད་ནང་ལུ་ཐོན་ཏེ་མི་ཚུ་ལུ་ནད་གཞི་གི་སྐོར་ལས་གོ་བ་བརྡ་སྤྲོད་འབད་བའི་ཤུལ་ལུ་ ཡ་མཚན་ཆེ་བའི་གྲུབ་འབྲས་བྱུང་ཡོདཔ་ཨིན་མས། དེའི་ཤུལ་ལས་ འབྲུག་པའི་མི་སེར་ཚུ་དང་གཅིག་ཁར་ གདོང་སྐོར་རྐྱབ་སྟེ་གོ་བ་བརྡ་སྤྲོད་འབད་ནིའི་ལས་རིམ་དང་པ་དེ་ཡང་ རྒྱལ་པོའི་གཟིམ་དཔོན་གྱི་ཡིག་ཚང་ལས་ ཐད་ཀར་གྱི་བཀའ་རྒྱ་ཐོབ་ལས་བརྟེན་ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༡ པའི་ནང་ལུ་འགོ་དང་པ་ རྒྱལ་གཞུང་འབྲུག་གི་དམག་སྡེ་དང་རྒྱལ་གཞུང་སྐུ་སྲུང་གི་སློབ་ཕྲུག་ཚུ་དང་གཅིག་ཁར་འབད་ཡོདཔ་ཨིན་མས། དེ་བསྒང་ མི་སྡེ་ལས་ ཁོང་ལུ་རྒྱབ་སྐྱོར་དང་གུས་ཞབས་གང་དྲག་ཐོབ་ཡོདཔ་ལས་ དེ་ལས་འགོ་བཟུང་སྟེ་ ལྷག་བསམ་ལུ སྟོབས་ཤུགས་ཧེང་སྐལ་ཐོབ་སྟེ་ ནད་གཞི་ཨེཌིསི་གི་སྐོར་ལས་གོ་བ་བརྡ་སྤྲོད་འབད་བར་ སློབ་གྲྭ་དང་མི་སྡེ། དམག་སྡེ་དང་ལཱ་འབད་སའི་ས་ཁོངས་ཚུ་ནང་དང་། དེ་ལས་ སློབ་གྲྭ་ནང་ལས་ཐོན་སྡོད་མིའི་ན་གཞོན་ག་ར་བརྩིས་ཏེ་ རྫོང་ཁག་ ༡༣ གྱི་ནང་ལུ་བཅའ་མར་གཏོགས་མི་ཡོངས་བསྡོམས་ ༡༣༦༠༠ དེ་ཅིག་ལུ་གོ་བརྡ་སྤེལ་ཡོདཔ་ཨིན་མས། ༼ལྷག་བསམ།༽
དེ་མ་ཚད་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ ནད་གཞི་ཨེཌིསི་ཐོབ་སྟེ་སྡོད་མི་ཚུ་ལུ་ རྒྱབ་སྐྱོར་དང་གཅེས་སྐྱོང་འབད་དེ་བྱིན་དོ་ཡོདཔ་དང་། རང་གི་གཟུགས་ཁར་ཡོད་པའི་ནད་གཞི་ཨེཆ་ཨའི་ཝི་དང་གཅིག་ཁར་ གདོང་ལེན་བཟང་པོ་ག་དེ་སྦེ་འབད་ནི་ཨིན་ནའི་སྐོར་ལས་ཞིབ་འཚོལ་འབད་དེ་ གནས་ཚུལ་ཚུ་གོ་བརྡ་སྤེལ་དོ་ཡོདཔ་ཨིན་མས། ལྷག་བསམ་གྱི་འཐུས་མི་གཞན་ ནད་གཞི་ཐོབ་ཡོད་པའི་མི་ངོམ་ཚུ་ལུ་ཆ་རོགས་འབད་ནིའི་མནོ་བསམ་ཡོད་མི་ཚུ་ལུ་ ཨེཆ་ཨའི་ཝི་དང་འབྲེལ་བ་ཡོད་པའི་སྦྱོང་བརྡར་མ་འདྲཝ་ཚུ་བྱིན་དོ་ཡོདཔ་དང་ དེ་མ་ཚད་ ནད་གཞི་འདི་གི་སྐོར་ལས་ ལྷབ་སྦྱང་འབད་ནིའི་དོན་ལུ་ ཕྱི་རྒྱལ་ཁབ་ཚུ་ནང་ཡང་གཏང་དོ་ཡོདཔ་ཨིན་མས། ༼ལྷག་བསམ། ༢༠༡༨།༽
ཁུངས་གཏུག།
ཞུན་དག- Lhak-Sam. (2018). About Us- Lhak Sam. Retrieved from About Lhak Sam (BNP+): http://www.lhaksa,.org.bt
- Lhak-Sam. (2018). About Us-Lhaksam. Retrieved from What We Do: http://www.lhaksam.org.bt
- Lhak-Sam. (2018). Anout Us- Lhak Sam. Retrieved from Our Vision and Mission: http://www.lhaksam.org.bt
- Lhak-Sam. (n.d.). Advocacy and Awareness. Retrieved from Creating awareness among Bhutanese socirty on Hiv and AIDS: http://www.lhaksam.org.bt