ལྷ་སྐྱིད་སྒྲོལ་མ།

མོ་འཁྲབ་རྩེདཔ་ལྷ་སྐྱིད་སྒྲོལ་མ་འདི་ སྤུ་ན་ཁ་ཛོང་ཁག་ནང་ལུ་ སྤྱི་ལོ་༡༩༨༠ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ལུ་སྐྱེས་ནུག། མོ་ར་ སེམས་རྟོགས་ཁ་རིག་གཞུང་སློབ་གྲྭ་གོང་མ་ནང་ལས་མཐར་འཁྱོལ་བའི་ཤུལ་ལས་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་དེ་ཡང་ རིག་གཞུང་མཐོ་རིམ་སློབ་གླ་ནང་ལས་ མཐར་འཁྱོལ་ཡོདཔ་ཨིན་མས། ལྷ་སྐྱིད་སྒྲོལ་མ་གིས་ ད་ལྟོ་ཚུན་ཚོད་གྱི་རིང་ལུ་ གློག་བརྙན་ ༡༨ དེ་ཅིག་བརྩེས་ཡོདཔ་ཨིན་མས། མོ་གིས་གློག་བརྙན་དང་པ་ སྤྱི་ལོ་ ༡༩༩༧ ལུ་ ནོར་གླིང་སྒྲ་དབྱངས་ཀྱིས་བཟོ་སྐྲུན་འབད་ཡོད་པའི དུས་མཐུང་གློག་བརྙན་ ལ་མཐོ་ས་ཟེར་མི་དེ་ཨིན་མས། དེ་གི་ཤུལ་ལས་ སྤྱི་ལོ་ ༡༩༩༩ ལུ་ འཁོར་བ་ཟེར་མིའི་གློག་བརྙན་འདི་གཉིས་པ་ཨིན་མས། དེ་ལས་ སྤྱི་ལོ་ ༢༠༠༡ ལུ་ འཁྲབ་རྩེདཔ་ ཚེ་རིང་རྒྱལ་མཚན་གྱིས་བཀོད་ཁྱབ་འབད་ཡོད་པའི  གློག་བརྙན་གཅེས་པའི་བུ་ནང་ལུ་ མོ་འཁྲབ་རྩེདཔ་གཙོ་བོ་སྦེ་བརྩེས་ནུག། གློག་བརྙན་གཅེས་པའི་བུ་ཟེར་མི་དེ་ མོ་སློབ་གྲྭ་གོང་མ་ནང་ལྷབ་པའི་སྐབས་ལུ་བརྩེས་ཏེ་འདུག། གློག་བརྙན་དེ་ གནམ་མེད་ས་མེད་ལེགས་ཤོམ་སོང་བའི་ཤུལ་ལུ་ སྤྱི་ལོ་ ༢༠༠༢ ཀྱི་ལོ་ལུ་ འབྲུག་གློག་བརྙན་དུས་སྟོན་བཙི་སྲུང་གི་སྐབས་ལུ་ མོ་འཁྲབ་རྩེདཔ་དྲག་ཤོས་ཀྱི་གསོལ་ར་ཡང་ཐོབ་ནུག།

སྤྱི་ལོ་ ༢༠༠༡ ལས་ མོ་འཁྲབ་རྩེདཔ་གཙོ་བོ་སྦེ་བརྩེས་བའི་ཤུལ་ལས་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་བརྩེས་ ཡོད་པའི་གློག་བརྙན་ཚུ་ཡང་ གཅེས་པའི་བུ་ (༢༠༠༡) ལེགས་འཛིན་ (༢༠༡༦) ས་དང་གནམ་ (༢༠༡༢) ལུས་དང་སེམས། བར་དོ། (༢༠༠༨) ཡིད་འཕྲོག་ལྷ་མོ། ཤ་དང་སེན་མོ། (༢༠༠༨) ཆོས་རྒྱལ་དྲི་མེད་ཀུན་ལྡན། (༢༠༡༤) ཚུ་ཨིན་མས།

གཞན་ཡང་ལྷ་སྐྱིད་སྒྲོལ་མ་འདི་ གློག་བརྙན་གྱི་བཟོ་སྐྲུན་པ་ཅིག་ཡང་ཨིནམ་དང་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ གློག་བརྙན་གཉིས་བཟོ་སྐྲུན་འབད་ཡོདཔ་དང་ གློག་བརྙན་གཉིས་ཡང་བཀོད་ཁྱབ་འབད་དེ་འདུག། ལྷ་སྐྱིད་སྒྲོལ་མ་གིས་ གློག་བརྙན་ནང་ལུ་འཁྲབ་རྩེདཔ་རྐྱངམ་གཅིག་མེན་པར་ ཞབས་ཁྲའི་ཚིག་རྩམ་མི་ཅིག་ཡང་ཨིནམ་ལས་ ད་ལྟོ་ཚུན་གྱི་རིང་ལུ་ ལྷ་སྐྱིད་སྒྲོལ་མ་གིས་ ཞབས་ཁྲ་ ༢༠ དེ་ཅིག་བརྩམས་ཡོདཔ་ཨིན། འབྲུག་གློག་བརྙན་ཚོགས་པ་ནང་མ་དོ་བར་ གཞན་ཡང་ ལྷ་སྐྱིད་སྒྲོལ་མ་འདི་ སྤུ་ན་ཁ་རྫོང་ཁག་གི་རྒྱལ་ཡོངས་ཚོགས་སྡེའི་མཐུས་མི་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན།

ལྷ་སྐྱིད་སྒྲོལ་མ་གིས་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ འབྲུག་གློག་བརྙན་ཚོགས་པ་ནང་ལུ་ དམ་ཚིག་གཙང་མའི་སྒོ་ལས་ ཕྱག་ཞུ་བའི་དགའ་ཚོར་ལུ་སྤྱི་ལོ་ ༢༠༠༡ ལུ་ གློག་བརྙན་གཅེས་པའི་བུ་ནང་ལས་ མོ་འཁྲབ་རྩེདཔ་དྲག་ཤོས་ཀྱི་གསོལ་ར་དང་། དེ་ལས་ སྤྱིལོ་ ༢༠༠༨ ལུ་ གློག་བརྙན་གསལ་སྒྲོན་ནང་ལས་ མོ་འཁྲབ་རྩེདཔ་དྲག་ཤོས་ཀྱི་གསོལ་ར། དེ་གི་ཤུལ་ལས་ སྤྱི་ལོ་ ༢༠༠༩ ལུ་ གློག་བརྙན་ཤ་དང་སེན་མོ་ནང་ལས་ཡང་ མོ་འཁྲབ་རྩེདཔ་དྲག་ཤོས་ཀྱི་གསོལ་ར། མཇུག་ར་ སྤྱི་ལོ་ ༢༠༡༢ ལུ་གློག་བརྙན ལུས་དང་སེམས་ནང་ལས་ མོ་འཁྲབ་རྩེདཔ་དྲག་ཤོས་ཀྱི་གསོལ་ར་ཐོབ་ཡོདཔ་ཨིན་མས།

རྒྱབ་རྟེན།

འབྲུག་གློག་བརྙན་ཚོགས་པ་(༢༠༢༠) འབྲུག་གི་སྙན་གྲགས་ཅན་གྱི་མི་ངོམ།