ལྕགས་རི་གཙུག་ལག་ཁང་།
ལྕགས་རི་གཙུག་ལག་ཁང་།
འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་འདི་ རྫོང་གཞིས་དང་ལྷ་ཁང་ གནས་དང་དགོན་སྡེ་ཚུ་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ནང་ལུ་ སྔོན་བྱོན་དགེ་བ་གོངམ་ཚུ་གིས་ ལྷ་ཁང་དང་རྫོང་གཞིས་ཁག་མང་རབས་ཅིག་བཞེངས་ཡོད་པའི་ནང་ལས་ཅིག་ ལྕགས་རི་རྡོ་རྗེ་ལྡན་གྱི་གཙུག་ལག་ལྷ་ཁང་འདི་ཨིན། ལྷ་ཁང་འདི་ ཐིམ་ཕུག་ཁྲོམ་ཁ་ལས་བྱང་ཕྱོགས་ཁ་ཐུག་ལུ་ཀི་ལོ་མི་ཊར་ ༡༥ དང་ རྒྱ་མཚོའི་ཁ་ལས་མཐོ་ཚད་མི་ཊར་ ༢༨༠༠ གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། རྟ་མགོ་རྡོ་གདན་ནང་བཀྲ་ཤིས་ཐང་ལས་ རྐང་སྟོང་སྦེ་འགྱོ་བ་ཅིན་ དུས་ཡུན་ཆུ་ཚོད་ ༡ དེ་ཅིག་འགོར་དོ་ཡོདཔ་ཨིན།ལྕགས་རི་དགོན་པ་འདི་ ཡེ་ཤེས་མགོན་པོའི་སྒྲུབ་གནས་རྩ་ཅན་ཅིག་ཨིནམ་མ་ཚད་ དུས་རབས་ ༨ པའི་ནང་ལུ་ ཨྱོན་རིན་པོ་ཆེ་གི་ཞབས་ཀྱིས་བཅགས་གནང་པའི་གནས་ཁྱད་པར་ཅན་ཅིག་ཡང་ཨིན། དེའི་ཤུལ་ལས་ དུས་རབས་ ༡༣ པའི་ནང་ ཕ་ཇོ་འབྲུག་སྒོམ་བྱོན་ཏེ་བཞུགས་ཡོདཔ་དང་ དུས་རབས་ ༡༧ པའི་ནི་ ཞབས་དྲུང་བདུད་འཇོམས་རྡོ་རྗེ་གིས་ཡང་ གདན་ས་འགོ་དང་པ་དེ་ཁར་བཅགས་གནང་སྟེ་ལོ་ངོ་མང་རབས་ཅིག་དེ་ཁར་བཞུགས་གནང་ནུག། དད་པའི་ས་བོན་ (གནམ་ལོ་མེད། ༢༠༠༨ ཤོག་གྲངས་ ༢༢༡) ལས་ “དེ་ཡང་ ཞབས་དྲུང་རིན་པོ་ཆེ་གིས་ དགུང་གྲངས་ ༢༧ རབ་བྱུང་ ༡༠ པའི་གནམ་ལོ་ལྕགས་སྤྲལ་ལོའམ་སྤྱི་ལོ་ ༡༦༢༠ ལུ་ གདན་ས་འགོ་དང་པ་ལྕགས་རི་ཆོས་ཀྱི་གཡེའི་དགོན་པ་རྡོ་རྗེ་གདན་གྱི་ ཆོས་སྡེ་ཆེན་པོའི་གདན་ས་བཏབ་གནང་ནུག། ལྕགས་རི་འདི་ ཞབས་དྲུང་རིན་པོ་ཆེ་ཐུགས་དམ་ལོ་གསུམ་གནང་སའི་ གནས་རྩ་ཅན་ཅིག་ཨིནམ་མ་ཚད་ ལྕགས་རི་གཙུག་ལག་ལྷ་ཁང་འདི་ནང་སྤྱི་ལོ་ ༡༦༢༣ ལུ་ གཞུང་དགེ་འདུན་གྲྭ་ཚང་འགོ་དང་པ་ཆགས་སའི་གནས་རྩ་ཅན་ཅིག་ཡང་ཨིན།” གཞན་ཡང་ གནས་དེ་ འབྲུག་པའི་དབུ་ལྷ་ཞབས་དྲུང་རིན་པོ་ཆེ་མཆོག་གི་བཞུགས་གནས་གཙོ་བོ་ཅིག་འབདཝ་ལས་ སྡེ་སྲིད་གོང་མ་རིམ་བྱོན་དང་བསྟན་འཛིན་སྐྱེས་བུ་ཚུ་གིས་ གཅེས་སྤྲས་གནང་སྟེ་བཞག་ཡོདཔ་དང་ རབ་བྱུང་ ༡༦ པའི་གནམ་ལོ་མེ་ལུག་ལོའམ་ སྤྱ་ལོ་ ༡༩༦༧ ལོ་ལུ་ འབྲུག་རྒྱལ་གསུམ་པའི་རྒྱལ་ཡུམ་སྐུ་བགྲེས་ཞིང་ཕེབས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་བསྟན་པའི་སྦྱིན་བདག་མཛད་ཐོག་ལས་ རྗེ་མཁན་ཁྲི་རབས་ ༦༥ པ་རྗེ་ཡེ་ཤེས་སེངྒེ་མཆོག་གིས་སྒྲུབ་སྡེ་བཙུགས་གནང་སྟེ་ ད་རེས་སྔར་བ་ལྷག་སྟེ་པར་དར་ཞིང་རྒྱས་ཏེ་ཡོདཔ་ཨིན(གནས་ཡིག་ཀུན་ཕན་ལམ་སྟོན། གནམ་ལོ་མེད། ༢༠༡༧)
ལྕགས་རི་ལྷ་ཁང་འདི་ འབྲུག་རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་མ་བྱུང་པའི་སྔ་སྒོང་ལས་ར་ དགྲ་ཚུ་ལས་སྲུང་ཐབས་ལུ་ ཕྱི་ལས་གྱང་གིས་བསྐོར་ཏེ་ དབུ་རྩེ་ཡང་མཐོ་དྲགས་སྦེ་རིའི་ལོགས་ལུ་ བཞེངས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་གི་བཟོ་རྣམ་ཡང་ དབང་འདུས་རྫོང་ཁག་ནང་ལུ་ཡོད་པའི་ སྒང་སྟེང་དགོན་པའི་ལྷ་ཁང་ལས་ དཔེ་བླངས་ཏེ་བཞེངས་ཡོདཔ་དང་ ལྷ་ཁང་གི་གཡོན་ཧོངས་ཀྱི་བྱག་གི་ལོགས་ལུ་ མཁས་གྲུབ་ལྷ་དབང་བློ་གྲོས་ཀྱི་སྒྲུབ་ཁང་དང་ འོག་ལུ་ཇོ་བོའི་ལྷ་ཁང་དང་དགོན་ཁང་ དེ་གི་ལྟག་ལུ་བདུད་འདུལ་གཙུག་ལག་ཁང་(ཞབས་དྲུང་ཐུགས་དམ་གནང་ས) ཚུ་ཡོདཔ་ཨིན། གཙུག་ལག་ཁང་གི་ལྟག་ལུ་ རྗེ་མཁན་ཁྲི་རབས་ ༦༨ པ་ ཁྲི་ཟུར་བསྟན་འཛིན་དོན་གྲུབ་མཆོག་གིས་ སྒྲུབ་ཁང་ཚུ་མཇལ་ནི་ཡོདཔ་དང་ལྕགས་རིའི་རི་མགོ་ལུ་དཔལ་གྱི་རི་སྒྲུབ་སྡེའི་ལྷ་ཁང་ཚུ་ཡང་མཇལ་ནི་ཡོདཔ་ཨིན།
ད་རེས་ནང་པ་ལྕགས་རི་གཙུག་ལག་ཁང་དང་མཐའ་འཁོར་གྱི་ས་གནས་འདི་ གཞུང་གྲྭ་ཚང་གི་སྒྲུབ་སྡེ་ལྟེ་བ་ཅིག་ལུ་གྱུར་ཡོདཔ་ལས་ ལོ་བསྟར་བཞིན་དུ་ དེ་ཁར་ཕྱི་མཚམས་དང་ནང་མཚམས་ལུ་འཛུལ་མི་ དགེ་སློང་མང་རབས་ཅིག་འོངམ་ཨིན། གཞན་ཡང་ གནས་འདི་གནམ་མེད་ས་མེད་རྩ་ཅན་ཅིག་འབདཝ་ལས་ དུས་བཞི་ཨ་རྟག་ར་དད་ཅན་གྱི་འབྲུག་མི་དང་ ཕྱིའི་ལྟ་བཤལཔ་རྒྱུན་མ་ཆད་པར་འོངམ་ཨིན།
རྒྱབ་རྟེན།
ཀུན་བཟང་འཕྲིན་ལས། (གནམ་ལོ་མེད། ༢༠༡༣) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཨ་བརྒྱཔ་བསོད་ནམས་སྟོབས་རྒྱས། (གནམ་ལོ་མེད། ༢༠༡༧) གནས་ཡིག་ཀུན་ཕན་ལམ་སྟོན། སྲོལ་འཛིན་ལས་ཁུངས། ཐིམ་ཕུག།
ཀྲི་ཨེན་དཔར་སྐྲུན་ཁང་།
Chagri (Cheri) Monastery. (n.d.). Retrieved from Asian Historical Architecture :
https://www.orientalarchitecture.com/sid/1573/bhutan/thimphu/chagri-cheri-monastery
Chagri Monastery. (2021, 01 03). Retrieved from Wikipedia:
https://en.m.wikipedia.org/wiki/Chagri_Monastery