ལྕགས་བཟོ་ ཡང་ན་མགར་བཟོ།

༉ དེ་ཡང་ མཚོན་ཆའི་རིགས་ རལ་གྲི། སྟ་རེ། གྲི་གུག། གདུང་། ཁ་ཊཱཾ། འཁོར་ལོ་ལ་སོགས་པའི་ལྷའི་ཕྱག་མཚན་ཡང་ན་མཆོད་ཆས་དང་ སྟ་རེ། ཏོག་ཙེ་དང་དཔའ་རྟགས་ལ་སོགས་པའི་སོ་ནམ་གྱི་ལག་ཆ་ཚུ་ རྒྱུ་ཕོ་ལྕགས། མོ་ལྕགས། མ་ནིང་གི་ལྕགས། འདྲེས་ལྕགས་ཚུ་ལས་ ལྕགས་བཟོ་མཁས་པ་ཚུ་གིས་ ལག་རྩལ་ལས་བརྟེན་ཏེ་ བཟོ་མི་ལུ་ལྕགས་བཟོ་ཡང་ན་མགར་བཟོ་ཟེར་སླབ་ཨིན། མགརཝ་ཚུ་གིས་བརྡུངས་པའི་རལ་གྲི། དཔའ་རྟགས་གྱི་རིང་། གྱི་ཅུང་། སྟ་རེ། གདུང་རྩེ་གཅིག་པ། རྩེ་གཉིས་མ་དང་རྩེ་གསུམ་པ་ཚུ་གི་དགོས་པ་ཡང་ ཕ་རོལ་དགྲ་ཚུ་བཅོམ་ནིའི་དོན་ལུ་དང་ གཅད་བྱའི་དངོས་པོ་བཏོག་ནིའི་དོན་ལུ་བཟོཝ་ཨིན་མས། དེ་ཚུ་ གཡུས་གོ་སོ་སོའི་ནང་ མཚོན་ཆ་གི་བཟོ་དབྱིབས་དང་རྡུང་ཐངས་ཚུ་ཡང་ སོ་སོ་སྦེ་ཡོདཔ་ཨིན།
འབྲུག་ལུ་འབད་བ་ཅིན་ ལྕགས་བཟོ་ཡང་ན་མགར་བཟོ་འདི་ དང་ཕུ་ལས་དར་ཏེ་ཡོདཔ་ཨིན་མས། དེ་ཡང་ གྲུབ་ཆེན་ལྕགས་ཟམ་པ་མཆོག་བོད་ལུ་ ལྕགས་ཟམ་བཙུགས་ནིའི་ཐུགས་བཞེད་ཡོད་དེ་འབད་རུང་ ལྕགས་མ་ཐོབ་པར་ སྤྱི་ལོ་ ༡༤༣༣ ལུ་ སྤ་རོ་ལུ་བྱོན་ཞིནམ་ལས་ སྤ་རོ་ཝ་ཆུ་གི་ལྟག་ལས་ཡར་འགྱོ་བའི་སྐབས་ ས་གནས་ལྕགས་བརྐོ་ལ་ཟེར་ས་ལུ་ ལྕགས་ཀྱི་གཏེར་བཏོན་ཏེ་གནང་མིའི་ཤུལ་ ད་ལྟོ་ཡང་མཇལ་ནི་ཡོདཔ་ཨིན། ལྕགས་དེ་ཚུ་ སྤ་རོ་ཚེ་ལུང་ནང་། ཝ་ཆུ། དུང་དཀར། བྱིའུ་ཕུ། གནས་ཕུ། དོལ་ཕུ། བྲག་ཝང་ཟེར་བའི་གཡུས་ཚན་ཚུ་ནང་ མགརཝ་ཡོདཔ་ལས་ ཁོང་ལུ་ལྕགས་ཀྱི་སྟནམ་རེ་གནང་སྟེ་ ལྕགས་ཐག་དོ་དོ་སྦེ་བརྡུང་བཅུག་ནུག། དེ་བསྒང་ གྲུབ་ཐོབ་མཆོག་གིས་ སྤ་རོ་རྟ་མཆོག་སྒང་གི་འོག་ལུ་ སྒྲོལ་མ་ལྕགས་ཟམ་ཟེར་མི་འདི་རྐྱབ་གནང་ཡོདཔ་ཨིན་མས། གྲུབ་ཐོབ་མཆོག་གིས་ འབྲུག་ལུ་ལན་ཐེངས་གསུམ་བྱོན་གནང་ཡོདཔ་དང་ འབྲུག་ལུ་ལྕགས་ཟམ་བརྒྱད་རྐྱབ་གནང་ཡོདཔ་ཨིན་མས། དེ་ཡང་ བཀྲིས་སྒང་ལྕགས་ཟམ། ཀུ་རི་ཆུའི་ལྕགས་ཟམ། མོང་སྒར་གཅན་མཁར་ལྕགས་ཟམ། བཀྲིས་གཡང་རྩེ་མདོ་གསུམ་གྱི་ལྕགས་ཟམ་ཚུ་ཨིན་མས། ལྕགས་ཟམ་དེ་ཚུ་གི་ལྕགས་ཐག་ག་ར་ འབྲུག་པའི་ལྕགས་བཟོཔ་ཚུ་གིས་བརྡུངས་བརྡུངསམ་ཨིནམ་ལས་ ལྕགས་བཟོ་འདི་འབྲུག་རྒྱལ་ཁབ་ནང་ལུ་ སྔོན་གོང་ལས་ དར་ཁྱབ་སོང་སྟེ་ཡོད་པའི་བཟོ་རིག་ཅིག་ཨིན་མས།
དེ་བཟུམ་སྦེ་ རལ་གྲི་འདི་ག་དེ་སྦེ་བྱུང་བྱུངམ་ཨིན་ན་ཟེར་བ་ཅིན་ དང་ཕུ་ ལྷ་མིན་དང་སྲིན་པོ་ཚུ་ འཛིང་འཁྲུག་ལངས་པའི་སྐབས་ ལྷ་མིན་གྱིས་མཚོན་ཆ་འཚོལ་བར་འགྱོ་བའི་ཚེ་ དྲག་པོའི་འབྱུང་པོ་ཟེར་མི་གི་ལག་པར་ མཚོན་ཆ་མ་འདྲཝ་ཅིག་ཡོདཔ་མཐོང་ནུག། དེ་ལས་ ལྷ་མིན་གྱི་ནང་ལས་ སྟོབས་ཀྱི་དྲེགས་པ་ཟེར་མི་འདི་གིས་ མཚོན་ཆ་འཕྱོག་པར་འགྱོཝ་ད་ དྲག་པོའི་འབྱུང་པོ་འདྲོགས་ཏེ་ བྱོག་འགྱོ་བའི་སྐབས་ བྱོག་མ་ཐལ་བར་ མཐའ་མཇུག་ལུ་ ཁོ་ར་ལྕགས་ཀྱི་གོང་བུ་ཕ་ཝང་འོད་འབར་བ་ཅིག་ལུ་སྤྲུལ་ཏེ་ ཡལ་ཡར་སོཔ་ཨིན་མས། འདི་འཕྲོ་ལས་ ལྷ་མིན་གྱིས་ལྕགས་འདི་ལས་ རལ་གྲི་བརྡུངས་ཏེ་ མཚོན་ཆའི་མིང་ཡང་ རལ་གྲི་འོད་འབར་བ་ཟེར་སླབ་སྲོལ་བྱུང་ནུག། རལ་གྲི་འདི་ ནུབ་མོ་མེ་འབར་ནི་དང་ གནམ་ལུ་གདེངས་པ་ཙམ་གྱིས་ ཕ་རོལ་གྱི་དགྲ་བཅོམ་སྟེ་ བཏོགས་གཏང་ནི་ལ་སོགས་པའི་ཁྱད་ཆོས་ཚུ་ཡོདཔ་ཨིན་པས། ཤུལ་ལས་ སོག་པོའི་རྒྱལ་ཁབ་ཀྱི་ གཡུས་མཐའ་ཟུར་ཅིག་ནང་བབས་ཏེ་ སོག་པོའི་མགརཝ་ཐུག་རྒྱལ་གྱིས་ རལ་གྲི་འདི་དཔེ་བལྟ་སྟེ་ མཚོན་ཆ་ལེ་ཤ་བརྡུངས་ཏེ་ མཚོན་ཆ་དེ་ཚུ་ རྣོ་བ། ཡང་བ་དང་ཐོགས་མེད་གཅོད་པ་ལ་སོགས་པའི་ཁྱད་ཆོས་དང་ལྡན་པ་ཡོདཔ་ཨིན་མས། ཤུལ་ལས་ སོག་པོའི་གྱི་ལུ་དཔེ་བལྟ་སྟེ་ ཞང་གི་མགརཝ་ཚུ་གིས་བརྡུངས་པའི་རལ་གྲི་ཞང་མ་ཟེར་བྱུང་ཡོདཔ་མ་ཚད་ དེའི་ཤུལ་ལས་ རྒྱ་བོད་ཧོར་དང་འབྲུག་ལུ་ཡང་ དཔེ་བལྟ་སྟེ་ རྡུང་སྲོལ་དར་ཡོདཔ་ཨིན་པས།
འབྲུག་ལུ་ལག་ལེན་འཐབ་སྲོལ་ཡོད་པའི་དཔའ་རྟགས་དང་གྱི་ཅུང་ཚུ་ལུ་ཡང་ ནང་གསེས་ཀྱི་དབྱེ་བ་མ་འདྲཝ་ བཟོ་དབྱིབས་དང་བྱེད་ལས། བརྡུང་སའི་ས་གནས་སོ་སོ་དང་ རྡུང་མི་གི་མིང་དང་བསྟུན་ཏེ་ ལྷོ་གྲི་ངར་མ། བུམ་ཐང་བཙན་གྲི། ཆུ་ཁཔ་བསྟན་འཛིན། ནག་ཕ་ལ། སྒྲོ་གཟུགསམ། གཏོར་གྲི། རྦད་དུམ་ལ་སོགས་པའི་གྱི་ཚུ་འབྲུག་པའི་མགརཝ་ཚུ་གིས་བརྡུངས་བརྡུངསམ་དང་ ཆུ་གྲི་མུན་པ་རེག་ཆོད། བཏབ་པ་རེག་ཆོད། རལ་གྲི་ངར་མ་ཁྲག་འཐུང་། རླུང་གྲི་ལ་སོགས་པའི་རྒྱལ་ཁབ་གཞན་གྱི་མགརཝ་ཚུ་གིས་བརྡུངས་ཏེ་ཡོད་པའི་དཔའ་རྟགས་ཚུ་ཡང་ འབྲུག་ལུ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ དཔའ་རྟགས་ཀྱི་ཤུབས་ཡང་ ཆུ་རིས་ཅནམ། བན་རྐྱང་། ཧོ་ཤུབས་ཅནམ་ བསེ་ནག་ཅནམ་དང་ སྦལ་པགས་ཅནམ་ལ་སོགས་པའི་ལྷམ་པ་མ་འདྲཝ་ལེ་ཤ་ཡོདཔ་ཨིན། ང་བཅས་རའི་རྒྱལ་ཁབ་ནང་ལུ་ ལུས་ཀྱི་རྒྱན་དང་ ཤེས་རབ་ཆེ་བའི་ངོ་རྟགས་ལུ་ གཞུང་ཞབས་ཀྱིས་ཆེས་མཐོའི་དཔོན་ཁག་ཚུ་གི་གོ་གནས་ལུ་གནངམ་ཨིན།
གཞན་ཡང་ རྒྱལ་ཁབ་ནང་ལུ་ མགར་བཟོཔ་ཚུ་གིས་ ང་བཅས་རའི་མི་ཚེ་འདི་ནང་ ཉེ་བར་མཁོ་བའི་སོ་ནམ་གྱི་ལག་ཆ་ ཏོག་ཙེ་དང་སྟ་རེ་ལས་འགོ་བཙུགས་ཏེ་ ཁྱིམ་ནང་ལུ་མཁོ་བའི་ཅ་ཆས་དང་ཐབ་ཆས་ཚུ་ཡང་ རྒྱུ་ལྕགས་དང་ཀ་ལ། ཟངས་སེར་དང་ཟངས་དམར་ཚུ་ལས་ བཟོ་དབྱིབས་མ་འདྲཝ་རྣམ་པ་སྣ་ཚོགས་སྦེ་བཟོ་སྟེ་ཡོད་མི་ཚུ་ གཡུས་གོ་ཚུ་ནང་ ལག་ལེན་འཐབ་དང་འཐབ་བཞིན་དུ་ཡོདཔ་ཨིན། མགར་བཟོ་འདི་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུ་ལས་དར་ཏེ་ཡོད་པའི་བཟོ་རིག་ཅིག་ཨིནམ་མ་ཚད་ དཔལ་ལྡན་འབྲུག་པའི་ལམ་སྲོལ་བཟང་པོ་ཅིག་ཨིནམ་ལས་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནི་འདི་ གལ་ཆེ་ཤོས་ཅིག་ཨིན་ནོ།

ཁུངས་གཏུག།

ཞུན་དག
  1. ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
  2. མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།