ལཱ་གཡོག་མ་ཐོབ་པའི་དཀའ་ངལ།

༉ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཟེར་མི་འདི་ ལོ་ངོ་ ༡༥ ལང་མི་ཡན་ཆད་ཀྱི་་མི་ངོམ་ཚུ་ལཱ་གཡོག་དང་མ་ལྡན་པར་ ལཱ་གཡོག་འཚོལ་ཏེ་བདུན་ཕྲག་བཞི་ལང་མི་ལུ་གོ་ནི་ཨིན། ལཱ་གཡོག་མ་ཐོབ་པའི་དཀའ་ངལ་འདི་ སྤྱིར་འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ཡོདཔ་བཞིན་དུ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ཡང་ གནས་སྟངས་འདི་གདོང་ལེན་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན། སྤྱི་ལོ་ ༢༠༡༩ ལོའི་སྙན་ཞུ་དང་འཁྲིལ་བ་ཅིན་ འབྲུག་རྒྱལ་ཁབ་ནང་ན་གཞོན་ལཱ་གཡོག་མ་ཐོབ་མི་གི་བརྒྱ་ཆ་ ༡༡.༩ དེ་ཅིག་ཡོད་མི་ལུ་བལྟ་བ་ཅིན་ གཞན་གྱི་རྒྱལ་ཁབ་དང་ཕྱེདཔ་ད་ཉུང་ཤོས་ཅིག་སྦེ་རྩིཝ་ཨིན་མས། ཨིན་རུང་ ང་བཅས་རའི་རྒྱལ་ཁབ་འདི་མི་སྟོབས་ཆུང་བའི་རྒྱལ་ཁབ་ཅིག་འབདཝ་ལས་ སེམས་ཁར་ཚ་གྱང་འཐེབ་ཅིག་ར་འབག་དགོཔ་འདུག། (Yangchen, 2017) དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༠ གི་ལོ་ནང་ལུ་ ཧེ་མའི་ལོ་ལས་ལོག་ལྟབ་ཀྱི་ཡར་སེང་འགྱོ་སྟེ་ཡོདཔ་ཨིན་མས། ད་ལྟོ་ང་བཅས་རའི་རྒྱལ་ཁབ་ནང་ལུ་ ན་གཞོན་ ༦༩༢༢ དེ་ཅིག་ལཱ་གཡོག་མ་ཐོབ་པར་ ཁྲོམ་ཚོགས་དང་ཡིག་ཚང་ནང་ལས་ཕར་ག་ཐོབ་རྐྱབ་སར་མཐོངམ་ཨིན་མས།
དེ་སྦེ་ ལོ་ངོ་གཅིག་གི་ནང་ཁོད་ལུ་ ན་གཞོན་ལཱ་གཡོག་མ་ཐོབ་པའི་བརྒྱ་ཆ་ཡར་སེང་སོང་ཡོད་པའི་གནད་དོན་གཙོ་བོ་ར་ འཛམ་གླིང་ཀུན་ལུ་ཁྱབ་པའི་ནད་ཡམས་ཀོ་ཝིཊ་ ༡༩ ལས་བརྟེན་ རྒྱལ་ཁབ་ནང་ སྒེར་སྡེ་ཁག་གི་ལཱ་གཡོག་འཐོན་སའི་ས་ཁོངས་ཆ་མཉམ་སྒོ་བསྡམ་དགོཔ་ཐོན་ཡོདཔ་ལས་བརྟེན་ཏེ་ཨིན། དེ་མ་ཚད་ ཕྱིའི་རྒྱལ་ཁབ་ནང་ལས་ཕར་ལཱ་འབད་བར་སོང་ཡོད་མི་ཚུ་ཡང་ ནད་ཡམས་ལས་བརྟེན་ལོག་རྒྱལ་ཁབ་ནང་ལྷོད་པའི་བསྒང་ལས་ དེ་གི་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་འདི་ཡར་སེང་གཏངམ་ཨིན། ལྷག་པར་དུ་ འབྲུག་ལྟ་བཤལ་ཚོགས་པ་ནང་ལཱ་འབད་མི་ཚུ་ལུ་ཤུགས་སྦེ་ར་གནོད་དེ་ཡོདཔ་ཨིན་མས། དེ་ཡང་ རྒྱལ་ཁབ་འདི་ ནད་ཡམས་ལས་བསྲུང་སྐྱོབས་འབད་ཐབས་ལུ་དམིགས་ཏེ་ ལྟ་བཤལཔ་ཚུ་རྒྱལ་ཁབ་ནང་འོང་ནི་ལས་བཀག་ཆ་འབདཝ་ལས་བརྟེན་ ལཱ་གཡོག་སོ་སོ་འཐོབ་ནི་གི་ས་ཁོངས་མེད་པར་ སྡོད་ས་ཁྲོམ་ཁར་ལུ་དང་བཟའ་ཚང་སྐྱོང་ནི་ཡོད་པའི་མི་ངོམ་མང་རབས་ཅིག་ལུ་ སྐྱིད་སྡུག་ཚད་མེདཔ་ཅིག་མྱོང་ཏེ་ཡོདཔ་ཨིན། ཨིན་རུང་ བཀའ་དྲིན་ཆེ་བའི་དྲིན་ཅན་མི་དབང་མངའ་བདག་རྒྱལ་པོ་མཆོག་གིས་ མི་སེར་གྱི་སྐྱིད་སྡུག་ལུ་གཟིགས་ཏེ་ཐུགས་བསམ་རྒྱ་ཆེཝ་སྦེ་གནང་ཞིནམ་ལས་ རང་དོན་རྒྱབ་ལུ་བསྐྱུར་ཏེ་རྒྱལ་པོ་ཁོ་རའི་བང་མཛོད་ལས་ མི་སེར་ལཱ་གཡོག་འབྱང་མི་ཆ་མཉམ་ལུ་ ཟླ་རིམ་བཞིན་དུ་སྟོང་ཕྲག་བརྒྱད་རེ་གནང་བཞིན་པ་ཡོདཔ་ཨིན། འདི་ལུ་བལྟ་བ་ཅིན་ ང་བཅས་མི་སེར་ཡོངས་ཀྱི་ཡང་ མནོ་བསམ་རྒྱ་ཆེཝ་སྦེ་ར་གཏང་དགོཔ་འདུག།
ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་འདི་ གྲོང་གསེབ་དང་ཕྱདཔ་ད་ལོག་ལྟབ་ཀྱི་ཁྲོམ་དང་འབྲེལ་བའི་ས་ཁོངས་ཚུ་ནང་འབྱུང་དོ་ཡོདཔ་ཨིན་མས། དེ་ཡང་ ༢༠༢༠ གི་སྙན་ཞུ་དང་འཁྲིལཝ་ད་ གྲོང་གསེབ་ལུ་སྡོད་མི་ན་གཞོན་ལཱ་གཡོག་མ་ཐོབ་པའི་བརྒྱ་ཆ་ ༡༥.༡ དང་ ཁྲོམ་ཚོགས་ལུ་ ༣༣.༣ ཡོདཔ་ཨིན་མས། དེའི་ནང་དོན་ཉིད་ལས་ རྒྱལ་ས་ཐིམ་ཕུག་ཁྲོམ་འདི་ ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཡོད་མི་ཐོ་ཤོས་ཅིག་ཨིན་མས། དེའི་ཤུལ་ལས་ར་སྤ་རོ་ པད་མ་དཀའ་ཚལ་ གསར་སྤང་ ད་དཀར་ན་ ཆུ་ཁ་དང་སྤུ་ན་ཁ་ལ་སོགས་པའི་ཁྲོམ་ནང་ལུ་ དེ་དང་འབྲེལ་བའི་དཀའ་ངལ་ཚུ་འབྱུང་དོ་ཡོདཔ་ཨིན་མས། ཨིན་རུང་ མོང་སྒར་རྫོང་ཁག་ནང་ལུ་འབད་བ་ཅིན་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཉུང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན་མས། དེ་ཡང་ བརྒྱ་ཆ་ལས་འབད་བ་ཅིན་ ༥.༣ ཡོདཔ་ཨིན་མས། དེ་ལས་ ཨམ་སྲུ་དང་ཕོ་སྐྱེས་ཀྱི་བར་ན་ཡང་ ཕོ་སྐྱེས་དང་ཕྱདཔ་ད་ཨམ་སྲུ་མང་ཆེ་ཤོས་ཅིག་ ལཱ་གཡོག་མ་ཐོབ་པར་སྡོད་དོ་ཡོད་པའི་སྙན་ཞུ་འདུག།
(Labour Force survey Report Bhutan, 2020) རྒྱལ་ཡོངས་ལས་མི་གི་བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་མང་ཤོས་ར་ གཙུག་ལག་གཞི་རིམ་ཤེས་ཚད་མཐར་འཁྱོལ་མི་ འབྲིང་རིམ་སློབ་གྲྭ་གོང་མའི་ཤེས་ཚད་ལྡན་མི་དང་ དེ་ལས་ གཙུག་ལག་འོག་མའི་ཤེས་ཚད་ལག་ཁྱེར་ལྡན་མི་ན་གཞོན་ཚུ་ལུ་དཀའ་ངལ་སྦོམ་ར་འབྱུང་དོ་ཡོདཔ་སྦེ་བཤདཔ་ཨིན་མས།
ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ག་ཅི་ལས་བརྟེན་འབྱུངམ་ཨིན་ན་ཟེར་བ་ཅིན་ ལཱ་གཡོག་འབད་ནི་ཨིན་པའི་ལས་སྡེ་ནང་ རང་ར་སོ་སོའི་ལྕོགས་གྲུབ་དང་རིག་རྩལ་ཡོད་མི་དང་མ་མཐུན་པར་ དེ་ལས་བརྟེན་ན་གཞོན་ཚུ་ལཱ་གཡོག་མ་ཐོབ་པར་ལུས་དོ་ཡོདཔ་ཨིན་མས། དེང་སང་གི་གནས་སྟངས་ལུ་བལྟ་བ་ཅིན་ ན་གཞོན་མང་རབས་ཅིག་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དུས་རྒྱུན་མྱོང་དོ་ཡོདཔ་དང་ ལས་སྡེ་ཁག་གི་འགོ་དཔོན་ཚུནི་ལཱ་འབད་མི་འོས་འབབ་དང་ལྡན་མི་ཅིག་མ་ཐོབ་པའི་དཀའ་ངལ་ལེ་ཤ་ར་འབྱུང་སར་མཐོངམ་ཨིན་མས། དེ་འབདཝ་ལས་ དཀའ་ངལ་འདི་སེལ་ཐབས་ལུ་ གཞུང་གི་ཤེས་རིག་དང་སྦྱོང་བརྡར་ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་ཞིནམ་ལས་ ན་གཞོན་ཚུ་ལྕོགས་གྲུབ་དང་རིག་རྩལ་ཅན་ཅིག་ལུ་བཟོ་ཚུགས་པ་ཅིན་ དེ་བཟུམ་མའི་ལས་རིམ་གྱིས་ མ་འོངས་པའི་ནང་རིག་རྩལ་དང་ལཱ་གཡོག་གི་བར་ན་ས་སྟོང་འབྱུང་མི་ཚུ་ བསལ་ཚུགས་པའི་ཐབས་ཤེས་བཟང་པོ་ཅིག་ཨིན་མས།
(Peace Child International, 2015)

ཁུངས་གཏུག།

ཞུན་དག
  1. Labour Force survey Report Bhutan. (2020). Unemployment rate. Retrieved from Survey Report: http://www.nsb.gov.bt
  2. Peace Child International. (2015, 09 09). Causes of unemployment. Retrieved from Youth unemployment causes and solutions: http://www.peacechild.org
  3. Yangchen, T. (2017). Unemployment in Bhutan. Retrieved from Determinants of youth unemployment in Bhutan: http;//www.archives.kdischool.ac.kr