༉ ལས་གཡོག་ལྷན་ཁག་འདི་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༣ ལུ་གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱི་བཀའ་རྒྱ་ཨང་ ལྷན་རྒྱས་གཞུང་ཚོགས་/༠༢/༠༣/༩༣༣ ཅན་མ་ལྟར་དུ་ ཧེ་མམ་གི་རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་དང་ གཡོག་བཙུགས་དང་ལས་གཡོག་ལས་ཁུངས་སྦེ་ཡོད་མི་གཉིས་ མཉམ་བསྡེབས་འབད་དེ་བཟོ་ཡོདཔ་ཨིན།
རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་དེ་ སྤྱི་ལོ་ ༡༩༩༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ ལྕོགས་གྲུབ་ཅན་གྱི་ལས་མི་བཟོ་ནིའི་དོན་ལུ་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ཚུ་གོང་འཕེལ་གཏང་ནིའི་དམིགས་བཏད་སྐྱེད་དེ་གཞི་བཙུགས་འབད་ཡོདཔ་ཨིན། དམིགས་དོན་འདི་འགྲུབ་ནིའི་དོན་ལུ་ རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་གྱིས་ འཆར་གཞི་བརྩམ་ནི་དང་འགོ་འདྲེན་འཐབ་ནི་ ཚད་འཛིན་དང་རྒྱབ་སྐྱོར་འབད་ནི་ དེ་ལས་དགོཔ་ཐོན་སར་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ཚུ་བྱིན་དགོཔ་ཐོན་ནུག།
རྒྱལ་ཡོངས་འཕྲུལ་རིག་སྦྱོང་བརྡར་དབང་འཛིན་འདི་གཞི་བཙུགས་མ་འབད་བའི་ཧེ་མ་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་དང་འབྲེལ་བའི་ལས་སྣ་ཚུ་ག་ར་ དེ་བསྒང་ གསོ་བ་དང་ཤེས་རིག་ལྷན་ཁག་སྦེ་སྡོད་མིའི་འོག་ལུ་ འཕྲུལ་རིག་དང་ལག་རྩལ་ཤེས་ཡོན་སྦྱོང་བརྡར་ལས་ཚན་གྱིས་ བདག་སྐྱོང་འཐབ་སྟེ་སྡོད་ནུག།
སྤྱི་ལོ་ ༡༩༩༠ ཕྱི་མཚམས་ལས་ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་འཐོན་ནི་འགོ་བཙུགས་ཞིནམ་ལས་ཚུར་ རྒྱལ་ཡོངས་གཡོག་བཙུགས་བཀོད་ཚོགས་འདི་གཞི་བཙུགས་འབད་དགོཔ་ཐོན་ཡོདཔ་ད་ དེ་ཡང་ སྤྱི་ལོ་ ༢༠༠༠ སྤྱི་ཟླ་ ༣ པའི་ནང་ གཞི་བཙུགས་འབད་ནུག། སྤྱིི་ལོ་ ༢༠༠༡ སྤྱི་ཟླ་ ༨ པ་ལས་ ཧེ་མ་ གསོ་བ་དང་ཤེས་རིག་ལྷན་ཁག་སྦེ་སྡོད་མི་གི་འོག་ལུ་ གཡོག་བཙུགས་དང་ལས་གཡོག་ལས་ཁུངས་ཟེར་མི་ལུ་གྱུར་ནུག། གཡོག་བཙུགས་དང་ལས་གཡོག་ལས་ཁུངས་འདི་ལུ་ གཡོག་བཙུགས་རྒྱ་སྐྱེད་དང་ལཱ་གཡོག་དང་འབྲེལ་བའི་བརྡ་དོན་ ལཱ་གཡོག་གི་འབྲེལ་བ་ལ་སོགས་པའི་ལས་སྣ་ཚུའི་འགན་ཁུར་ཚུ་ཡོདཔ་ཨིན།
ལས་གཡོག་ལྷན་ཁག་འདི་གིས་ རྒྱལ་ཡོངས་ཀྱི་འཆར་སྣང་དང་མཐུནམ་སྦེ་ལཱ་ཚུ་འབད་དོ་ཡོདཔ་ཨིན། ཁོང་གིས་ འཆར་སྣང་དི་ཡང་ གཡོག་བཙུགས་དང་ལཱ་གཡོག་དང་འབྲེལ་བའི་སྲིད་བྱུས་བརྩམ་ནི་དང་ མི་སྟོབས་གོང་འཕེལ་ ལ་སོགས་པའི་ནང་གྲལ་བཏོགས་འབད་ཐོག་ལས་ རྒྱ་སྐྱེད་བཏངམ་ཨིན།
ལན་ཁག་འདི་གིས་ ཞབས་ཏོག་འདི་ཚུ་ གཙོ་བོ་ བདག་སྐྱོང་དང་དངུལ་རྩིས་སྡེ་ཚན་གྱི་ཐོག་ཁར་ ལས་ཁུངས་བཞི་གི་ཐོག་ལས་སྦེ་བྱིནམ་ཨིན། ལས་ཁུངས་བཞིཔོ་དེ་ཡང་ ལས་མི་ལས་ཁུངས་དང་གཡོག་བཙུགས་ལས་ཁུངས་ མི་སྟོབས་ལས་ཁུངས་ ལཱ་གཡོག་གནས་ཚད་ལས་ཁུངས་ཚུ་ཨིན། ལས་ཁུངས་ཀྱི་ལས་སྣ་ཚུ་ཡང་ ལས་རིམ་གཙོ་བོ་བཞི་ནང་བསྡུ་སྟེ་ཡོདཔ་ད་ དེ་ཚུ་ག་ར་ ལཱ་གཡོག་འཚོལ་མི་ཚུ་ གཡོག་གོ་སྐབས་ཀྱི་ནང་ལུ་ ལྷན་ཐབས་འབད་ནི་འདི་ཨིན་མས།
ལས་ཁུངས་བཞི་གི་ཐོག་ཁར་ ལྷན་ཁག་འདི་གིས་ ཁོང་རའི་ཞབས་ཏོག་ཚུ་ བསམ་གྲུབ་ལྗོངས་མཁར་དང་ཕུན་ཚོགས་གླིང་ དགེ་ལེགས་ཕུག་ བཀྲ་ཤིས་སྒང་རྫོང་ཁག་ཚུ་ནང་ལས་ཕར་ཡོད་པའི་ ལུང་ཕྱོགས་ཡིག་ཚང་ཚུ་བརྒྱུད་དེ་ཕུལཝ་ཨིན།
ལས་གཡོག་ལྷན་ཁག་གི་འགན་དབང་ཡང་ ལཱ་གཡོག་བཟོ་སྐྲུན་གྱི་ནང་ལྷན་ཐབས་འབད་ནི་དང་ ཕན་ནུས་ཅན་གྱི་ལཱ་གཡོག་ཞབས་ཏོག་ལམ་ལུགས་ཀྱི་དགོངས་དོན་གྱི་ཐོག་ལས་ ལཱ་གཡོག་རྒྱ་སྐྱེད་གཏང་ནི་དང་ ལཱ་གཡོག་ནང་གྲལ་གཏོགས་ཡོད་མི་ག་ར་གི་རྒྱུད་ལུ་ འཚོ་བའི་གནས་སྟངས་དང་ལཱའི་གནས་སྟངས་ཡར་དྲག་གཏང་ནི། ཞི་གཡོག་ལས་སྡེ་ནང་མིན་པའི་ ལས་བྱེདཔ་དགོངས་ཞུ་འབད་ཡོད་མི་དང་ ལཱ་གཡོག་མེད་མི་ཚུ་གི་རྒྱུད་ལུ་ མི་སྡེའི་སྐྱིད་སྡུག་རྩ་བརྟན་བཟོ་ནི། རྒྱལ་ཁབ་ནང་ ཡུན་བརྟན་མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ནང་ལྷན་ཐབས་འབད་ནིའི་དོན་ལུ་ སྤུས་ཚད་དང་གྱངས་ཁ་གཉིསཔོ་ཆ་རའི་ནང་ མི་སྟོབས་ལངམ་སྦེ་བཟོ་ནི་འདི་ཚུ་ཨིན།

ཁུངས་གཏུག།

ཞུན་དག
  1. Wikipedia contributors. (2021). Ministry of Labour and Human Resources (Bhutan). In Wikipedia, The Free Encyclopedia. Retrieved from https://en.wikipedia.org/w/index.php?title=Ministry_of_Labour_and_Human_Resources_(Bhutan)&oldid=95399363
"https://dz.wikipedia.org/w/index.php?title=ལས་གཡོག་ལྷན་ཁག།&oldid=32319" ལས་ སླར་འདྲེན་འབད་ཡོདཔ།