རྫོང་བྲག་ཁ་གནས།

༉ རྫོང་བྲག་ཁ་གནས་འདི་ སྤ་རོ་རྫོང་ཁག་ ཝང་ཅང་རྒེད་འོག་གི་མངའ་འོག་ལུ་ཆགས་ཏེ་ཡོད་པའི་ གུ་རུ་རིན་པོ་ཆེའི་གནས་རྩ་ཅན་ཅིག་ཨིན་པས། གནས་དེ་ཁར་འགྱོ་སའི་ལམ་ཡང་ འུ་ཆུ་སློབ་གྲྭ་ལས་ཡར་ཧཱ་ལུ་འགྱོ་སའི་སྣུམ་འཁོར་ལམ་བདའ་སྟེ་སོང་ཞིན་ན་ སྤོ་ཏོག་གུར་ལྷོདཔ་ཅིག་ ལམ་གཡོན་ཧོངས་ཀྱི་སྣུམ་འཁོར་གསེབ་ལམ་བདའ་སྟེ་འགྱོ་ནི་གཅིག་དང་ འབངས་སྡེ་ལྷ་ཁང་གི་རྒྱབ་ཁ་ལས་ཡར་དགྱེསཔ་བྱ་ནང་ཟེར་ས་ལས་བརྒྱུད་དེ་འགྱོ་ནི་གཅིག་སྦེ་ལམ་ཁག་གཉིས་ཡོདཔ་ཨིན་པས།(དད་པའི་ས་བོན། ༢༠༠༨) རྫོང་བྲག་ཁགནས་འདི་བྱག་གི་སྐེད་པར་ ཡ་མཚན་ཆེ་ཏོག་ཏོ་སྦེ་ཆགས་ཏེ་ཡོདཔ་ལས་ སྤ་རོ་སྟག་ཚང་གཉིས་པ་ཟེར་ཡང་སླབ་ནི་འདུག། གནས་འདི་ཁ་ལས་ གདོང་དཀར་ལ། བེམ་རི། ཆུ་བྱག་རྫོང་། ཨྱོན་བྲག། འཕུར་རྡོ་དགོན་པ། གནས་ཕུ་དགོན་པ། ལ་སྟེང་དགོན་པ་དང་ གཡུས་ལྟག་དགོན་པ་ཚུ་མཇལ་ནི་འདུག།

དེ་ཡང་ ཧེ་མ་དུས་རབས་ ༡༤ པའི་ནང་ལུ་ གནས་རྙིང་པའི་བླམ་ཀ་བཞི་རིན་ཆེན་བསམ་གཏན་དཔལ་བཟང་ལུ་ མཁའ་འགྲོམ་གཅིག་གིས་བླམ་མཆོག་ མོན་ཡུལ་ལུ་ཡོད་པའི་གཞུང་ཕུང་ཟེར་སའི་ས་གནས་འདི་ཁར་ ཨྱོན་གུ་རུ་རིན་པོ་ཆེའི་གཏེར་ཚུ་སྦ་བཞག་སྟེ་ཡོདཔ་ལས་ གཏེར་བཞེས་པར་བྱོན་དགོ་པའི་ལུང་བསྟན་གནངམ་ལས་ བླམ་ཁོ་རའི་ལུང་བསྟན་འདི་ དད་ཅན་གྱི་སློབ་མ་གྲུབ་ཐོབ་མགོན་པོ་རྡོ་རྗེ་ལུ་བཤད་གནང་སྟེ་ གྲུབ་ཐོབ་མཆོག་གཏེར་བཏོན་པར་བཏང་སྟེ་གནས་སྒོ་ཕྱེས་ཡོདཔ་སྦེ་ཨིན་པས། གཏེར་བཏོན་སའི་ས་གནས་འདི་ཁར་བྱོན་པའི་བྱོན་ལམ་ཁར་ ག་ཏེ་ལས་བྱོན་ནི་ཨིན་ན་མ་མཁྱེན་པར་སྡོད་པའི་སྐབས་ལུ་ འམོ་གཅིག་འོངས་ཏེ་འམ་འདི་གིས་ལམ་སྟོན་བྱིན་ཏེ་ ད་ལྟོ་ཆགས་ཏེ་ཡོད་སའི་ལྷ་ཁང་དེ་ཁར་ལྷོད་ཡོད་པའི་ལོ་རྒྱུས་འདུག། (སྤ་རོ་རྫོང་ཁག། ༢༠༠༨།)

གྲུབ་ཐོབ་མཆོག་ས་གནས་འདི་ཁར་ཕེབས་པའི་ཤུལ་ལུ་ རྫོང་བྲག་གནས་སྒོའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ཞིནམ་ལས་ ཤེལ་གྱི་མཆོད་རྟེན་ དང་སངས་རྒྱས་ཀྱི་རིང་བསྲེལ་ཚུ་ཡང་གཏེར་བཞེས་ཏེ་ གནས་འདི་གི་རི་སེངྒེ་འགྱིང་སྟབས་བཏོན་ཏེ་སྡོད་ཡོདཔ་བཟུམ་ཡོད་མི་ནང་ལུ་ ས་སྤག་ཅུང་གི་མཆོད་རྟེན་གཅིག་ཡང་བཞེངས་ཏེ་ གདན་ས་བཅགས་གནང་ཞིནམ་ལས་ ཁོ་ར་སྐུ་ཚེ་ག་ར་རྫོང་བྲག་ཁ་ལུ་བཞུགས་པའི་ཤུལ་ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་ཡོདཔ་ཨིན་མས། ཤུལ་ལས་ ཁོ་རའི་སྤྲུལ་སྐུ་ཚུ་རིན་པར་བྱོན་ཏེ་ རྫོང་བྲག་ཆོས་རྗེ་ཟེར་མི་ཅིག་དར་ཏེ་ ཆོས་རྗེ་འདི་ཚུ་གིས་ ས་གནས་དེ་ཚུ་གི་སྦོ་ལོགས་ཁ་ལས་ཕར་ལྷ་ཁང་དང་དགོན་སྡེ་ཚུ་ཡང་བཞེངས་ཏེ་འདུག།

དགོན་པ་དེ་ཁར་ གྱང་གསར་ཆོས་རྗེ་ལྷ་ཁང་། ཚེ་རིང་མའི་ལྷ་ཁང་། གུ་རུ་ལྷ་ཁང་དང་ མཆོད་རྟེན་ལྷ་ཁང་བཅས་ ལྷ་ཁང་བཞི་མཇལ་ནི་འདུག། གུ་རུ་ལྷ་ཁང་འདི་ བླམ་གནས་བརྟན་བྱང་ཆུབ་བཟང་པོ་གིས་བཞེངས་ཡོདཔ་དང་། ཚེ་རིང་མ་ལྷ་ཁང་འདི་ བླམ་རབ་བརྟན་དང་བླམ་འཕང་མཚོ་གཉིས་ཀྱིས་བཞེངས་ཡོདཔ་ཨིན་མས། མཆོད་རྟེན་ལྷ་ཁང་འདི་ ལོ་བསྟར་བཞིན་དུ་ སྤ་རོ་ཚེས་བཅུ་དང་འབྲེལ་ཏེ་ ཟླཝ་གཉིས་པའི་ཚེས་བརྒྱད་དང་བཅུ་དྲུག་ལུ་རྐྱངམ་གཅིག་མཇལ་ཁ་གནང་དོ་ཡོདཔ་ཨིན་མས། དེ་ནང་ མཆོད་རྟེན་གཅིག་ཡོད་མི་དེ་ནང་ལུ་ གྲུབ་ཐོབ་མཆོག་གིས་སངས་རྒྱས་འོད་སྲུང་གི་རིང་བསྲེལ་གཏེར་བཞེས་ཡོད་མི་འདི་ ནང་རྟེན་སྦེ་ཡོདཔ་དང་། དུས་བཟང་ཚུ་གི་སྐབས་ མཆོད་རྟེན་འདི་ལུ་སྨོན་ལམ་བཏབ་པའི་སྐབས་ ནང་རྟེན་འདི་སྤར་དོ་ཡོདཔ་ལས་ མཚན་ཡང་མཆོད་རྟེན་དཀར་མོ་འགུལ་ཤེས་ཟེར་སླབ་ཨིན་པས། གཞན་ཡང་ གུ་རུ་ལྷ་ཁང་ནང་ ནང་རྟེན་གུ་རུ་མཚན་བརྒྱད་དང་མཁའ་འགྲོ་མ་ཚུ་གི་སྐུ་འདྲ་དང་ ཚེ་རིང་མའི་ལྷ་ཁང་ནང་ལུ་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་ཚུ་ཡོདཔ་དང་ གྲུབ་ཐོབ་མགོན་པོ་རྡོ་རྗེ་མཆོག་གིས་གཏེར་བཞེས་ས་དང་གྲུབ་ཆུ་ཁག་གསུམ་ཡང་ མཇལ་ཚུགས་པས།

ད་རེས་ནངས་པ་ ལྷ་ཁང་འདི་གཞུང་གྲྭ་ཚང་གི་བདག་འཛིན་དང་འཛིན་སྐྱོང་འཐབ་སྟེ་ དེ་ནང་དགེ་འདུན་གྱི་སློབ་གྲྭ་ཅིག་ཡང་གཞི་བཙུགས་གནང་སྟེ་ཡོདཔ་ཨིན་པས། ལྟ་བཤལཔ་ཚུ་གིས་ ལྷ་ཁང་འདི་མཇལ་ནིའི་དང་འདོད་ཡོད་པ་ཅིན་  སྤྱི་་ཟླ་  ༤ པ་ལས་ ༦ པ་ ཚུན་གྱི་བར་ན་ ལམ་ཁར་ལས་ཕར་ ཨེ་ཏོ་མེ་ཏོག་ཚུ་ཤར་ཏེ་ གནམ་གཤིས་ཡང་ལེགས་ཤོམ་སྦེ་སྡོད་དོ་ཡོདཔ་ལས་ དུས་ཚོད་དགའ་ཤོས་ཨིནམ་སྦེ་བཀོད་དེ་འདུག། གཞན་ཡང་ སྤྱི་ ༡༠ པ་ལས་ ༣ པའི་བར་ན་བྱོན་པ་ཅིན་ ཆརཔ་མེད་པའི་ཁར་གངས་རི་གུར་ཁཝ་རྐྱབ་ཡོད་མི་ཚུ་གིས་སྦེ་དགའ་ཏོག་ཏོ་་མཐོང་དོ་ཡོདཔ་ལས་ ལྷ་ཁང་མཇལ་ནིའི་དུས་ཚོད་དགའ་ཤོས་ཨིནམ་སྦེ་བཀོད་དེ་འདུག། (North Bengal Tourism, 2022)

རྒྱབ་རྟེན་དཔེ་ཐོ།

དད་པའི་ས་བོན། (ས་ཕོ་ཁྱི་ལོ་ ༢༠༠༨) འབྲུག་རྒྱལ་ཁབ་ཀྱི་གནས་མགོན་གཙུག་ལག་ཁང་གི་ཆགས་རབས་གསལ་བའི་ལམ་སྟོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་བསྐྲུན་ཁང་།

སྤ་རོ་རྫོང་ཁག། (གནམ་ལོ་ལྕགས་མོ་གླང་ལོ་ ༢༠༢༡) རྫོང་བྲག་ཁ་དགོན་པ། http://www.paro.gov.bt/dz/node/305

North Bengal Tourism. (2022). Dzongdrakha Goempa. Retrieved from: https://northbengaltourism.com/dzongdrakha-goemba/

Wind Hourse Tour. (n.d.). Dzongdrakha Gompa. Retrieved from: https://www.windhorsetours.com/sights/bhutan/Dzongdrakha%20Gompa.html

"https://dz.wikipedia.org/w/index.php?title=རྫོང་བྲག་ཁ་གནས།&oldid=29723" ལས་ སླར་འདྲེན་འབད་ཡོདཔ།