ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ སྔོན་དང་ཕུག་ལས་ར་ གླུ་གཞས། རྩང་མོ། བློ་ཟེ། གླང་བསྐུལ། སྤར་གཞས། འཐག་གཞས། ལ་སོགས་པ་མང་རབས་ཅིག་ཡོད་པའི་གྲས་ལས་ རྩང་མོ་ཟེར་མི་དེ་ འབྲུག་རྒྱལ་ཁབ་ནང་ལྷག་པར་དུ་ཡོངས་གྲགས་ཅན་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།

གཙང་མོ་ཟེར་མི་དེ་ལུ་ ཡིག་སྡེབ་འབྲི་ཐངས་ གཙང་མོ་ཟེར་མི་གཅིག་དང་རྩང་མོ་ཟེར་གཉིས་སྦེ་འབྲི་སྲོལ་འདུག། དང་པ་གཙང་མོ་ཟེར་མི་འདི་ སྔོན་མ་བོད་གངས་ཅན་ལྗོངས་ཀྱི་གཙང་པོའི་འགྲམ་ལུ་ གླུ་གཞས་འཐེནམ་ལས་ གཙང་མོ་ཟེར་དར་ཁྱབ་སོང་བའི་ར་ཁུངས་བཤད་སྲོལ་ཡོད་རུང་ གཙོ་བོ་ བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་མཆོག་ བྱོན་པའི་དུས་ལས་ཚུར་ དར་ཁྱབ་བྱུང་ཡོདཔ་སྦེ་བཤད་ཡོད་རུང་ གཙང་མོ་ཟེར་བའི་གོ་དོན་དེ་ གཙང་མོ་གཙང་ནས་ཡོང་དུས།། གཙང་མོ་ལྷ་དང་འདྲ་སོང་།། འགམ་པ་ལ་ལ་བསླེབས་དུས།། གཙང་མོ་སྤྲེའུ་ལ་གྱུར་སོང་།། ཟེར་བའི་ཚིག་དོན་ལུ་དབྱེ་དཔྱད་འབད་དེ་བལྟ་བ་ཅིན་ བོད་གཙང་ཕྱོགས་ཀྱི་ཨམ་སྲུ་ཅིག་ལུ་གོཝ་མ་གཏོགས་ གླུ་ཚིག་གི་རྩང་མོ་ལུ་མི་གོཝ་ཨིན་པས།

འབྲི་ཐངས་གཅིག་གི་ལུགས་ལས་ རྩང་མོ་ཟེར་མི་འདི་ འབྲུག་པའི་མི་བློ་རིག་ཅན་ཚུ་གིས་ངག་གཤིས་ལས་ཐོན་པའི་དངོས་པོ་ཁྱད་པར་ཅན་ཅིག་ཨིན་མི་དེ་ཡང་ དུས་སྟོན་དང་རྟེན་འབྲེལ་ གཞན་བྱ་སྒོ་ཚུ་གི་སྐབས་ལུ་ བུཚུ་དང་བུམོ་གཞོནམ་དེ་ཚུ་གཅིག་ཁར་སྤུངས་ཏེ་སྡོད་ཞིནམ་ལས་ རང་སོའི་ཅ་ལ་ག་ཅི་ར་ཨིན་རུང་ ངོ་བཏགས་བཀལ་ཏེ་བཀྲམ་བཞག་ཞིནམ་ལས་ ཅ་ལ་ངོ་མ་ཤེས་མི་ཅིག་གིས་ རྩང་དུམ་ཆུང་ཀུ་ཅིག་ལག་པར་བཤེད་དེ་ རྩང་མོའི་གདངས་འཐེན་ནི་དང་གཅིག་ཁར་ ཅ་ལ་ངོ་སྦྲགས་ཏེ་ རང་སོའི་གནམ་བསྐོས་བལྟ་སྲོལ་ཡོད་མི་དེ་ཡང་ རྩང་མོའི་ཚིག་རེ་རེ་ལུ་ རྩང་དུམ་ཚར་རེ་ ཅ་ལ་རེ་གུར་དཔག་ཞིནམ་ལས་ ཚིག་འགོ་བཙུགསཔ་ད་ཕོག་མི་དང་མཇུག་བསྡུཝ་ད་ཕོག་མི་ཅ་ལ་གི་ འཇོ་བདག་གཉིསཔ་དེ་ ལས་གནས་བསྐོས་ཡོདཔ་སྦེ་བརྩི་ཁུངས་བསྐྱེད་པའི་ཁར་ གཞན་ཡང་སེམས་ཀྱི་མནོ་དོན་ག་ཅི་ར་ཡོདཔ་ཨིན་ན་ཚུ་ ལག་པར་རྩང་དུམ་བཤད་དེ་ མོ་བཏབ་སྲོལ་ཡོདཔ་ལས་ མིང་དང་དོན་མཐུནམ་སྦེ་ཡོད་རུང་ ད་རེས་ནངས་པར་འབད་བ་ཅིན་ གཙང་མོ་དང་རྩང་མོ་ཟེར་མི་གཉིས་ཆ་ར་བྲིས་སྲོལ་ཡོདཔ་ཨིན། 

ད་རུང་རྩང་མོ་ཟེར་མི་འདི་ གཙོ་བོ་ར་ང་བཅས་ར་འབྲུག་པའི་ལུགས་སྲོལ་ལུ་ བུ་དང་བུམོ་གཞོནམ་དེ་ཚུ་གི་བློ་རིག་འགྲན་བསྡུར་འབད་ནི་ཡོད་པའི་ངག་གཤིས་ཅིག་ལུ་ཡང་སླབ་ཨིནམ་དང་ རྩང་མོ་འཐེན་པའི་སྐབས་ འདྲི་བསྟུན་གྱི་ཚིག། བསྟོད་ཚིག། སྨད་ཚིག། རང་དང་དང་གཞན་སེམས་མཐུན་པའི་ཚིག། སྨོན་འདེབས་ཀྱི་ཚིག་ཚུ་བཙུགས་ཞིན་ན་ ཁྱད་བརྗེ་སྲོལ་ཡོད་མི་དེ་ཡང་ རྩང་མོ་ཁྱད་བརྗེ་བའི་སྐབས་ལུ་ ཕོ་མོ་ ཡང་ན་ སྡེ་ཚན་བཟོ་སྟེ་རྩང་མོ་འཐེན་ནི་ག་དྲག་ག་ བལྟ་ནི་འདི་ཨིནམ་ལས་ རྩང་མོའི་ཚིག་འདི་ གཉེན་གླུ་འབད་བ་ཅིན་ དེ་གི་ལན་ཡང་ གཉེན་གླུ་དང་གལ་སྲིད་རྩོད་ཚིག་ དགྲ་གླུ་འབད་བ་ཅིན་ ལན་ཡང་དགྲ་གླུ་སྦེ་ སྐབས་དོན་དང་བསྟུན་པའི་ལན་དེ་ར་ འཇལ་དགོཔ་ལས་ ཧེ་མ་ཡོད་པའི་རྩང་མོ་འདི་ཚུ་གི་མ་བཏུབ་པ་ཅིན་ རང་གི་བློ་ལས་བཟོ་སྟེ་སླབ་རུང་བཏུབ་ཨིན། དེ་མ་ཚད་རྩང་མོ་འདི་མང་ཤོས་རང་ དཔེ་གཞན་ཅིག་ལུ་བཞག་ཞིནམ་ལས་དོན་གཞན་ཅིག་ལུ་གོཝ་སྦེ་ཡང་ འཐེན་སྲོལ་ཚུ་ཡོདཔ་ཨིན།

རྩང་མོ་འདི་ རྩོམ་རིག་གི་དབྱེ་བ་ནང་ཚུད་པའི་ཁར་ རྩང་མོ་འདི་ ཚིག་བཅད་སྦེ་ ཚིག་རྐང་བཞིའི་སྙན་རྩོམ་ཨིནམ་དང་ ཟུང་ལྡན་གྱི་རྒྱན་སྦེ་ཡོདཔ་ཨིན། ཧེ་མའི་ཚིག་རྐང་གཉིས་ཀྱིས་ གནས་སྟངས་སྟོནམ་མ་ཚད་ རྟིང་མམ་གྱི་ཚིག་རྐང་གཉིས་ཀྱིས་ ཧེ་མའི་ཚིག་ལུ་བརྟེན་ཏེ་ མཇུག་བསྡུ་བའི་དོན་སྟོནམ་ཨིན། (Sonam Kinga,n.d, p135)

རྩང་མོ་ཁྱད་བརྗེ་བའི་སྐབས་ལུ་ དཔེར་ན་ ལྕང་མོ་ཕར་ལ་སྒུར་སྒུར།། བྱིའི་ཅུང་ཚུར་ལ་སྒུར་སྒུར།། སྒུར་ན་མཉམ་གཅིག་སྒུར་ཤོག། མ་སྒུར་རང་ར་སོ་སོ།། ཟེར་འདྲི་བསྟུན་གྱི་ཚིག། རྒྱ་མཚོ་གཏིང་ནས་ཐོན་པའི།། ནོར་བུ་དུང་དཀར་གཡས་འཁྱིལ།། ཕྱི་ལ་དཀར་ཁ་དྭངས་སོང་།། ནང་ལ་གསུང་སྐད་སྙན་བྱུང་།། ཟེར་བསྟོད་ཚིག། རྒྱ་མཚོ་གཏིང་ལས་ཐོན་པའི།། སྦལ་པ་སྔོ་མཐིང་བྱམས་པ།། ཁྱོད་ལ་ཉི་མ་མེད་ན།། ཚད་པ་ག་ནས་འཐོན་ཡོང་།། ཟེར་སྨད་ཚིག། ཁྱོད་ནི་རྨ་བྱའི་མདོངས་སྒྲོ།། ང་ནི་གསེར་གྱི་བུམ་པ།། ལས་དང་སྨོན་ལམ་ཡོད་ན།། མཆོད་བཤམ་ཁྲ་མོ་འཛོམས་གེ།། ཟེར་དགའ་མཐུན་གྱི་ཚིག་དང་། ཁྱོད་ནི་དངུལ་གྱི་བུམ་པ།། ང་ནི་བཀྲ་ཤིས་ཁ་དར།། མཚན་ལྡན་བླ་མའི་ཕྱག་ནས།། འབྲེལ་མེད་སྨོན་ལམ་ཞུ་གེ།། ཟེར་བཀྲ་ཤིས་སྨོན་ལམགྱི་ཚིག་སྦེ་ འཐེན་སྲོལ་ཡོདཔ་ཨིན།

རྩང་མོ་འདི་འཐེན་པའི་སྐབས་ལུ་ གདངས་མ་འདྲཝ་དབྱེ་ཁག་གསུམ་དེ་ཅིག་གི་ཐོག་ལུ་ འཐེན་སྲོལ་ཡོདཔ་དང་ སྙན་ཆ་ག་ཅི་ཡང་ལག་ལེན་འཐབ་ནི་མེད་རུང་ འཕྲལ་འཕྲལ་གླིངམ་འཕུ་སྲོལ་ཡོདཔ་ཨིན། རྩང་མོ་དེ་ལུ་བརྟེན་ཏེ་ ཁེ་ཕན་ལེ་ཤ་ཅིག་ཡོད་མི་དེ་ཡང་ རྩང་མོ་འདི་རྫོང་ཁའི་ཚིག་ནང་འབདཝ་ལས་ སྐད་ཡིག་གོང་འཕེལ་གཏང་ཚུགས་པའི་ཁར་ རྫོང་ཁའི་མིང་ཚིག་ཚུ་རྒྱ་བསྐྱེད་གཏང་ཚུགསཔ་མ་ཚད་ རྩང་མོ་འཐེན་པའི་སྐབས་ལུ་ དཔེ་དང་དོན་སྦྱར་ཏེ་འཐེན་དགོཔ་ལས་ དེ་གིས་རྩང་མོ་འཐེན་མི་རང་སོའི་བརྒྱུད་ལུ་ རིག་པའི་བློ་རྩལ་ཡར་དྲག་གཏང་ཚུགས་ནི་དང་ ཚིག་བཅད་ཀྱི་རྩོམ་ཚུ་རྐྱབ་ནི་ལུ་ལྷན་ཐབས་འབདཝ་ཨིན། དེ་གིས་ཡང་མ་ཚད་པར་ རྩོམ་ཁ་ཡངས་པའི་ཁར་ དཔྱད་པ་གཏང་ནིའི་བློ་རིག་ཚུ་ཡང་ གོང་དུ་འཕེལ་ཚུགསཔ་ཨིན་ནོ།།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. ཀུན་བཟང་འཕྲིན་ལས། (གནམ་ལོ་ཆུ་མོ་ལུག་ སྤྱི་ལོ་ ༢༠༠༣) གླུ་དེབ་བློ་གསར་ལམ་སྟོན། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། ཐིམ་ཕུག།

༢.  Kuenga, S. (གནམ་ལོ་མེད་ སྤྱི་ལོ་མེད) The Attributes and Values of Folks and Popular Songs. The Centre for Bhutan Studies, 135. https://core.ac.uk/download/pdf/1323085.pdf

༣. Norbu,T.(2021) Prezi. ཡོངས་འབྲེལ་ཁ་བྱང་ https://prezi.com/p/eq9sw16l3pqy/presentation/ ལས་ཐོབ་ཡོདཔ།

"https://dz.wikipedia.org/w/index.php?title=རྩང་མོ།_Tsangmo&oldid=31507" ལས་ སླར་འདྲེན་འབད་ཡོདཔ།