རྡོ་མཆོད་རྟེན་དགོན་པ།
རྡོ་མཆོད་རྟེན་དགོན་པ།
རྡོ་མཆོད་རྟེན་དགོན་པ་འདི་ སྤ་རོ་རྫོང་ཁག་གི་ཤར་པ་རྒེད་འོག་ནང་ཆགས་ཏེ་ཡོདཔ་ཨིན། གནས་དེ་ཁར་ སྤ་རོ་ཁྲོམ་ཚོང་འདུས་ལས་གདོང་དཀར་ལ་ཚུན་སྣུམ་འཁོར་ནང་འགྱོ་སྦེ་ དེ་ཁར་ལས་རྐང་སྟོང་སྦེ་ཆུ་ཚོད་ ༣ དེམ་ཅིག་འགྱོ་དགོ་དོ་ཡོདཔ་ཨིན་མས། གུ་རུ་རིན་པོ་ཆེ་གིས་ སྐུ་ཡི་འོད་ཟེར་ ཐུགས་ཀྱི་འོད་ཟེར་ གསུང་གི་འོད་ཟེར་ ཡོན་ཏན་གྱི་འོད་ཟེར་ བཞི་ཡོད་ས་ལས་ཐུགས་ཀྱི་འོད་ཟེར་འདི་རྡོ་མཆོད་རྟེན་དགོན་པ་ཨིནམ་སྦེ་ཨིན་མས། ཧེ་མ་རྒྱལ་དབང་རྗེ་མཆོག་གིས་ ལྷ་ཁང་ལས་ཆུ་ཚོད་ཕྱེད་ཀྱི་ས་ཁར་ གཡོན་ཁ་ཐུག་ལུ་དག་པའི་སྣང་ངོར་རྡོ་རང་བྱུང་གི་བདེ་ཤེགས་མཆོད་རྟེན་བརྒྱད་གཟིགས་ཡོདཔ་ལས་བརྟེན་ཏེ་ གནས་འདི་ལུ་མཚན་ཡང་རྡོ་མཆོད་རྟེན་དགོན་པ་ཟེར་བཏགས་ནུག་ཟེར་ཨིན་པས། (གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༥ ) རྡོ་མཆོད་རྟེན་གནས་འདི་འགོ་དང་པ་ སྐྱེས་མཆོག་འབའ་ར་བ་དངོས་སུ་བྱོན་ཏེ་ ཞབས་ཀྱིས་བཅགས་ཞིནམ་ལས་བྱིན་གྱིས་བརླབས་གནང་བའི་ཁར་ བཀའ་གདམས་པའི་དགེ་བའི་བཤེས་གཉེན་ལེ་ཤ་བྱོན་པའི་ལོ་རྒྱུས་ཚུ་བཤད་སྲོལ་འདུག། དེ་ལས་ གནས་འདི་ཁྱབ་བདག་རྡོ་རྗེ་འཆང་དབང་མཆོག་དང་ འགྲོ་བའི་དགོན་པོ་གཙང་པ་རྒྱ་རས་ཀྱི་ཡང་སྲིད་ རྒྱལ་དབང་ཀུན་དགའ་དཔལ་འབྱོར་མཆོག་གིས་ཡང་ དངོས་སུ་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་བའི་ གནས་རྩ་ཅན་ཅིག་ཨིན་མས། ཧེ་མ་ དུས་རབས་ ༡༥ པའི་ནང་ གནས་འདི་མཚུངས་མེད་དམ་པ་རྒྱལ་དབང་རྗེ་མཆོག་གིས་ ལུང་རྟོགས་བསྟན་པའི་འབྱུང་གནས་བཤད་སྒྲུབ་སྡེ་གཉིས་ཆ་ར་བཙུགས་གནང་ཡོད་རུང་ ལུང་བསྟན་དང་འཁྲིལ་གཙོ་བོ་སྒྲུབ་སྡེ་འདི་དར་ཞིང་རྒྱས་ཡོད་པའི་ལོ་རྒྱུས་འདུག། ལྷ་ཁང་ཡོད་སའི་ས་ཁོངས་ནང་སྣང་གྲགས་ནུབ་དང་ ལྷ་ཁང་གི་གཡོན་ཤར་ཕྱོགས་ལུ་ ད་ལྟོ་འབད་བ་ཅིན་སྣང་གྲགས་ཟེར་སླབ་སྲོལ་ཡོདཔ་ཨིན་མས། སྣང་གྲགས་ལྷ་ཁང་གི་ནང་རྟེན་གཙོ་བོ་ ཨྱོན་གུ་རུ་རིན་པོ་ཆེའི་སྐུ་འདྲ་དང་ གཡོན་ལུ་མཚུངས་མེད་རྒྱལ་དབང་རྗེའི་སྐུ་འདྲ་ཚུ་བཞུགས་ཏེ་ཡོདཔ་ཨིན་པས།
གནས་དེ་ཁར་ ལྷ་ཁང་དང་རྡོ་རང་བྱོན་མཆོད་རྟེན་གྱི་གནས་རི་རྩེ་སྐོར་ བར་སྐོར་ རོང་སྐོར་ སྦེ་མཇལ་ནི་ཡོདཔ་ཨིན་མས། གཞན་ཡང་ རྡོ་རང་བྱུང་གི་མཆོད་རྟེན་དང་གྲུབ་ཆུ་ ཆོས་རྗེ་འབྲུག་པ་ཀུན་ལེགས་སྒྲུབ་པ་གནང་སྟེ་བཞུགས་པའི་སྐབས་ཀྱི་མཚམས་ཁང་གི་ཤུལ། ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་བཏོན་གནང་བའི་བྱིན་རླབས་ཅན་གྱི་གྲུབ་ཆུ། གསང་ཆབ་རིལ་བུ་དབོག་ས། རྡོ་གུར་བླ་མའི་ཞབས་རྗེས། ཆིབས་རྟའི་སོགས་པའི་ཞབས་རྗེས། མཚུངས་མེད་རྒྱལ་དབང་རྗེ་མཆོག་གིས་ གནས་ཕུ་གི་སྦོ་ལོགས་ཁར་ལྷ་ཁང་བཞེངས་ཡོད་པའི་ཤུལ། མཚུངས་མེད་རྒྱལ་དབང་རྗེ་མཆོག་སྒྲུབ་པ་གནང་བཞུགས་སའི་སྒྲུབ་ཁང་གི་བྱང་ཁོག་དང་ མུན་ཁྲི་སྒང་ཟེར་ས་ལུ་ མུན་ཁང་གི་ནུབ་ཕྱོགས་མཆོད་རྟེན་ཆུང་ཀུ་གཅིག་གི་གདོང་ཁར་འབྲུག་པའི་གདན་ས་བོད་ར་ལུང་ལུ་ མཚུངས་མེད་རྒྱལ་དབང་རྗེ་མཆོག་བྱ་བཟུམ་འཕུར་བྱོན་པའི་སྐབས་ཀྱི་བླམ་རྒྱལ་དབང་རྗེ་མཆོག་གིས་ཞབས་རྗེས། གསོལ་བམ་གྱི་རྐང་རྗེས། གཟིམ་ཁྱིའི་རྐང་རྗེས། ཆོས་གོས་ཀྱི་ཤུལ་དང་ བླམ་རྒྱལ་དབང་རྗེའི་དབུ་ཞྭ་ཚུ་མཇལ་ཚུགསཔ་ཡོདཔ་ཨིན་མས།
ཧེ་མ་ དུས་རབས་ ༡༥ པའི་ནང་ མཚུངས་མེད་རྒྱལ་དབང་རྗེ་མཆོག་གནས་ཕུ་པའི་གཡུས་ཚན་ནང་བཞུགས་པའི་སྐབས་ལུ་ བླ་མའི་སྐུ་བསོད་དབང་ཐང་ལས་བརྟེན་ཏེ་ དཔག་བསམ་ལྗོན་ཤིང་དང་འདོད་འཇོའི་མཚོ་བྱུང་སྟེ་ གནས་ཕུ་པའི་གཡུས་འདི་ནང་ ཆར་ཆུ་དུས་ལུ་འབབ་ ལོ་ཐོག་ཚུ་ཕུན་སུམ་ཚོགས་ནུག། དེ་ལས་ མི་ངན་ཚུ་གིས་དེ་སྦེ་ཕུན་སུམ་ཚོགས་མི་རྒྱུ་རྐྱེན་གཙོ་བོ་འདི་ བླ་མའི་སྐུ་བསོད་དབང་ཐང་ལས་འཁྲུངས་པའི་དཔག་བསམ་ལྗོན་ཤིང་ཨིནམ་ཤེས་ཏེ་ ཤིང་འདི་ག་དེ་ཅིག་བརྡབ་ནི་གི་རྩིས་རྐྱབ་རུང་ ཤིང་འདི་ལུ་གནོད་པ་བཀལ་མ་ཚུགས་པར་སྡོདཔ་ད་ བདུད་མོའི་རྫུ་འཕྲུལ་ཨམ་མོ་རེངསམོ་གཅིག་གིས་ཨམ་སྲུའི་ཆབ་གསང་བསྡུས་པ་ནང་གོ་ཐལ་བཏབ་སྟེ་བླུགས་ནུག། འདི་ལུ་བརྟེན་ཏེ་ དཔག་བསམ་ལྗོན་ཤིང་འདི་ལོག་སྐྱེས་མ་བཏུབ་པས། དེ་ལས་ འདོད་འཇོའི་མཚོ་ཡང་བསྟིམས་འགྱོ་ ད་རུང་ མི་ངན་ཚུ་གིས་ མཚུངས་མེད་རྒྱལ་དབང་རྗེ་བཀྲོངས་ནི་འཆར་ཞིག་རྩམ་ད་ འཆར་ཚུ་གིས་སྐོར་ལས་བླམ་གིས་མཁྱེན་ཏེ་ བླམ་ཐུགས་ཕམ་སྟེ་ ས་གནས་དེ་ཁར་ ལོ་གསུམ་གྱི་རིང་སྐུ་མཚམས་ནང་བཞུགས་ནུག།
དེ་ལས་ བླམ་སྐུ་མཚམས་ལས་ལོག་བཞེངམ་ད་ ཉེ་གནས་ཤ་འཚོལ་བར་བཏང་ཡོདཔ་ཨིན་པས། ཉེ་གནས་ཤ་འཚོལ་བར་གཏང་པའི་སྐབས་བླམ་གིས་ ཤ་གི་རིགས་འགོ་དང་པ་ག་འཐོབ་མི་འབག་ཤོག་ ཟེར་གསུངས་ནུག། ཉེ་གནས་ཤ་འཚོལ་བར་འགྱོ་སའི་ལམ་ཁར་ བུམོ་ལོ་བརྒྱད་འབད་མི་ བྲམ་ཟེ་སྐྱེས་བདུན་གྱི་རིགས་ཅིག་ཐོབ་སྟེ་ ཤ་འདི་བླམ་ལུ་འཕུལ་ནུག། དེ་ལས་ ཤ་འདི་བཙོ་ཟེར་བཀའ་གནང་སྟེ་ ཉེ་གནས་ཀྱིས་ཤ་འདི་བཙོ་སྦེ་ ཤ་འདི་དང་པ་བླམ་ལུ་དྲངས་ གཉིས་པ་ཤ་འདི་གཏུབ་སྟེ་གཟིམ་ཁྱི་ལུ་བྱིན་ ཤ་གཏུབ་མི་ཆུས་བཤལ་སྟེ་ གསོལ་བམ་གྱི་ལྟོ་བླུགས་བྱིནམ་ལས་བརྟེན་ཏེ་ བླམ་ གསོལ་བམ་དང་གཟིམ་ཁྱི་འཕུར་བྱོན་པའི་སྐབས་ ཉེ་གནས་འདི་འཕུར་ནི་རང་དབང་མ་བྱུངམ་ལས་ ཁོ་ཡང་འཁྱིད་གནང་ཟེར་གསོལཝ་བཏབ་ནུག། དེ་བསྒང་བླམ་གིས་ཁོ་ལུ་ ཁྱོད་ཤ་མ་ཟ་ག་ཟེར་འདྲིཝ་ད་ ཁོ་གི་ང་མ་ཟ་ཟེར་ཞུ་ནུག། ད་རུང་བླམ་གིས་ ཤ་གཏུབ་མི་ཚུ་ཀྲེག་ནི་དང་ཤ་གཏུབ་མི་ཚུ་ཆུ་བཤལ་རྐྱབ་ནི་མེད་ག་ཟེར་བའི་འདྲི་བའི་ལན་ལུ་ ཉེ་གནས་གིས་མེད་ཟེར་ཞུ་ནུག། དེ་ལས་ བླམ་གིས་གནམ་ཁ་ལས་ཆོས་གོས་གཅིག་གནང་སྟེ་ དེ་སྦེ་ཨིན་པ་ཅིན་ ངེའི་ཆོས་གོས་ལུ་བཤད་དེ་ཤོག་ཟེར་བཀའ་གནང་ནུག། དེ་སྦེ་ཆོས་གོས་ལུ་བརྟེན་ཏེ་འཕུར་བྱོནམ་ད་ ལ་སྟེང་ཁ་ལས་འཕྲོ་ཐུད་དེ་འཕུར་མ་ཚུགསཔ་ལས་ བླམ་གིས་གནས་དེའི་གཞིག་བདག་སྦེ་བཀོད་གནང་གནངམ་སྦེ་ཨིན་པས། གནས་འདི་ཁར་ འཁོར་ལམ་གྱི་ཞབས་ཏོག་མེད་པའི་དཀའ་ངལ་ལུ་བརྟེན་ཏེ་ ཕྱི་རྒྱལ་གྱི་ལྟ་བཤལཔ་དེ་ཅིག་འོང་ནི་མེད་རུང་ འབྲུག་མི་ཚུ་གིས་ ཕྱག་དང་མཆོད་པ་ཕུལ་སའི་གནས་དང་ འབྲུག་མི་ཚུ་གནས་སྐོར་ལུ་འགྱོ་སའི་གནས་རྩ་ཅན་ཅིག་ཨིན་མས།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༠༨) དད་པའི་ས་བོན། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༣) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།