རྟ་མཆོག་སྒང་ལྷ་ཁང་།

རྟ་མཆོག་སྒང་ལྷ་ཁང་།

༉ ཡོངས་གྲགས་ཅན་གྱི་རྟ་མཆོག་སྒང་ལྷ་ཁང་འདི་ སྤ་རོ་ལས་ཐིམ་ཕུག་གྱོ་སའི་གཞུང་ལམ་གྱི་གཡོན་ཁ་ཐུག་ ཆུ་འཛོམས་ལུ་ཨ་ཙི་མ་ལྷོདཔ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། གཞུང་ལམ་ལས་ལྷ་ཁང་ལུ་འགྱོ་དགོ་པ་ཅིན་ རྐང་ཐང་སྦེ་སྐར་མ་ ༥ དེམ་ཅིག་འགོར་ནི་ཨིན་པས། ལྷ་ཁང་འདི་ དུས་རབས་ ༡༤ པའི་ནང་ལུ་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་གིས་གདན་ས་བཅགས་གནང་ནུག།  ལྷ་ཁང་དེ་ཁར་བཞེངས་དགོ་མི་འདི་ཡང་ ཧེ་མ་གྲུབ་ཐོབ་ཐང་སྟོང་རིན་པོ་ཆེ་མཆོག་ འཕུར་རྡོ་དགོན་པ་ལས་མར་གཟིགསཔ་ད་ ད་རེས་ལྷ་ཁང་ཆགས་ཏེ་ཡོད་སའི་ལྷ་ཁང་འདི་ སྟེང་གནམ་གྲུ་གསུམ་དང་ འོག་ས་གྲུ་གསུམ་ དྲག་པོ་ཁྲོ་བོའི་དཀྱིལ་འཁོར་བྱུང་སྦེ་གཟིགས་པཡོདཔ་སྦེ་ཨིན་པས། ཉིནམ་གཅིག་འབདཝ་ད་རིན་པོ་ཆེའི་གཟིགས་སྣང་ལུ་ ཨྱོན་གུ་རུ་རིན་པོ་ཆེ་མཆོག་རྟ་མཆོག་ རྟ་མཆོག་བྷ་ལ་ཧའི་གུར་ཆིབས་ཏེ་ ད་ལྟོ་ལྷ་ཁང་ཡོད་སའི་སྒང་ཏོ་གུར་ཆགས་ཆགསཔ་གཟིགས་ཏེ་ དེ་ཁར་གདན་ས་བཅགས་པ་ཅིན་ ཆོས་བརྒྱུད་དང་མི་རྒྱུད་གཉིས་ཆ་་ར་ལུ་ལེགས་ཤོམ་འོང་ནི་གི་ལུང་བསྟན་ཡང་གནང་ཡོདཔ་སྦེ་ཨིན་པས།(སྤ་རོ་རྫོང་ཁག། ༢༠༢༡།)

ཤུལ་ལས་ གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་གིས་ ཨྱོན་གུ་རུ་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་ཏེ་ གཙུག་ལག་ཁང་བཞེངས་གནང་ཞིནམ་ལས་ ཁོ་རའི་སྲས་མོན་པ་བདེ་བ་བཟང་པོ་གིས་བདག་འཛིན་མཛད་དེ་ རྟ་མཆོག་ཆོས་རྗེ་རིམ་བྱོན་གྱི་བཞུགས་གནས་སྦེ་བཟོ་སྟེ ད་ལྟོའི་བར་ན་ཡང་ཆོས་རྗེ་རིམ་བྱོན་གྱི་སྒེར་དབང་གཙུག་ལག་ཁང་སྦེ་མ་ཉམས་པར་ཡོདཔ་ཨིན།

གནས་དེ་ཁར་ གྲུབ་ཐོབ་རིན་པོ་ཆེ་ཏིང་ངེ་འཛིན་གྱི་ངང་ལུ་བཞུགས་སའི་རྡོའི་ཁྲི་དང་ རྟ་མཆོག་བྷ་ལ་ཧའི་ཞབས་རྗེས་གུར་བཞེངས་པའི་ཁང་བཟང་མཆོད་རྟེན་ཡང་ཡ་མཚན་ཆེ་ཏོག་ཏོ་ཚུ་མཇལ་ནི་ཡོདཔ་ཨིན། ལྷ་ཁང་དེ་ཁར་འགྱོ་བའི་ལམ་ཁར་ སྤ་ཆུ་གི་གུ་ལས་ གྲུབ་ཐོབ་མཆོག་གིས་བཞེངས་ཡོད་པའི་ལྕགས་ཟམ་གཅིག་ཡང་མཇལ་ནི་ཡོད། ལྷ་ཁང་འདི་ ཐོག་གསུམ་སྦེ་བཞེངས་ཏེ་ཡོདཔ་ལས་ ཐོག་དང་པའི་ནང་ སྤྲུལ་སྐུ་འཛིང་གི་ཕྱག་བཟོ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་སྨན་འཇིམ་ལས་གྲུབ་མི་ གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ སྨོན་ལམ་གང་བཏབ་ཐེབས་མི་གཅིག་ཡོདཔ་དང་། བར་ཐོག་ལུ་མགོན་པོ་ཕྱག་དྲུག་པ་དང་ མ་གཟའ་དམ་གསུམ་གྱི་མགོན་ཁང་ཚུ་ཡོདཔ་ཨིན་པས།ཐོག་གསུམ་པའི་ནང་ལུ་ དགེ་སློང་མ་དཔལ་མོའི་ལུགས་ཀྱི་བཅུ་གཅིག་ཞལ་དང་ རྒྱལ་པོའི་ལུགས་ཀྱི་བཅུ་གཅིག་ཞལ། རྗེ་གྲུབ་ཐོབ་དང་སྲས་བདེ་བ་བཟང་པོའི་སྐུ་འདྲ་ གྲུབ་ཐོབ་ཀྱི་ཕྱག་བཟོ་ལྕགས་འཐག་དང་ཕྱག་མཁར། དེ་ལས་  རྗེ་ཡོན་ཏན་མཐའ་ཡས་ཙཱ་རི་གནས་བསྐོར་བའི་སྐབས་ཀྱི་ཕྱག་མཁར་ཚུ་མཇལ་ནི་ཡོདཔ་ཨིན་པས། (སྤ་རོ་རྫོང་ཁག། ༢༠༢༡།)

ལྷ་ཁང་འདི་ནང་ ལོ་བལྟར་བཞིན་སངས་རྒྱས་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ཚུ་ལྷག་དོ་ཡོདཔ་དང་ ལོ་བལྟར་གྱི་ཚེས་བཅུ་ཡང་ཡོདཔ་ཨིན་མས། དེ་ཁའི་ཚེས་བཅུའི་འཆམ་གྱི་ལེའུ་ཚུ་ཡང་ གཞན་དང་མ་འདྲཝ་སྦེ་ཡོདཔ་མ་ཚད་ བྱིན་རླབས་ཅན་ཡོད་ཟེར་སླབ་དོ་ཡོདཔ་ཨིན།  གཞན་ཡང་ ཉིནམ་གཅིག་ལུ་ སྨད་སྤ་གྲོ་རྟ་མཆོག་གི་ཇོ་བོ་དང་བར་སྐྱིད་ཆུ་ལྷ་ཁང་གི་ཇོ་བོ་  སྟོད་ལྷ་ལྡིང་གི་ཇོ་བོ་གསུམ་མཇལ་ཚུགས་པ་ཅིན་ ཚེ་ཕྱི་མ་ངན་སོང་གསུམ་ནང་མི་སྐྱེ་ཟེར་ཡིད་ཆེས་བསྐྱེདཔ་ཨིན།ལྷ་ཁང་འདི་ ས་གནས་ཉམས་དགའ་ཏོག་ཏོ་ཅིག་གུར་ཆགས་ཏེ་ཡོདཔ་མ་ཚད་ ལྷ་ཁང་འོག་གི་སྤ་ཆུ་ནང་ པཱན་གྲུ་གཏང་སའི་ས་གོ་ཡང་ཡོདཔ་ལས་ ཕྱི་ལྟ་བཤལཔ་ཚུ་གི་དོན་ལུ་ཡང་ ས་ཉམས་སྐྱོང་ས་དང་པར་བཏབ་ནི་གི་ས་གོ་དགའ་ཤོས་ཅིག་ཨིན།

རྒྱབ་རྟེན་དཔེ་ཐོ།

ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༥) གནས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།

སྤ་རོ་རྫོང་ཁག། (གནམ་ལོ་མེད། ༢༠༢༡) རྟ་མཆོག་སྒང་ལྷ་ཁང་། http://www.paro.gov.bt/dz/node/312 ལས་ཕབ་ལེན་འབད་ཡོད།

Drukasia.com. (n.d). Tachogang Lhakhang. Retrieved from: https://www.drukasia.com/bhutan/paro/tachogang-lhakhang/