རྟ་མགོ་དེ་ ཐིམ་ཕུ་གི་ས་གནས་ཐག་རིང་ས་ཅིག་ཁར་བཞེངས་ཡོདཔ་དང་ ཁྲོམ་ཁ་ལས་ ཀི་ལོ་མི་ ཊར་ ༡༤ དེ་ཅིག་གི་ས་ཁར་ཡོདཔ་ཨིན། སྣུམ་འཁོར་གྱི་ལམ་ཁ་ལས་ དུས་ཡུན་ སྐར་མ་ ༤༠ དེ་ཅིག་རྐང་ཐང་འགྱོ་དགོཔ་ཨིན།

རྟ་མགོ།

རྟ་མགོ་ཟེར་མི་ མིང་དེ་ གནས་བདག་ རྟའི་མགུ་ཏོག་བཟུམ་ཡོད་མི་ རྟ་མགྲིན་ལས་ རྟ་དྲངས་ཏེ་ སླབ་སླབ་ཨིནམ་དང་ ས་གནས་དེ་ འགོ་དང་པ་ དུས་རབ་ བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་མཆོག་གིས་ ངོས་འཛིན་གནང་གནངམ་ཨིན་མས། ༡༢༢༢ ལུ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ མདོ་སྡེ་ནང་ལུ་ ཆོས་གནང་བཞུགས་པའི་སྐབས་ རྟ་མགོ་ ་ཁ་ཐུག་ལས་ རྟ་གི་སྐད་གཅིག་གོ་སྟེ་ ས་གནས་དེ་ཁར་ལྷོདཔ་ད་ ས་གནས་དེའི་གནས་བདག་ རྟ་མགྲིན་གྱིས་ ཕ་ཇོ་ལུ་ ས་གནས་དེ་ཁར་ སྒྲུབ་ཁང་གཅིག་བཞེངས་ཞིནམ་ལས་ མཁའ་འགྲོ་ བསོད་ནམས་དཔལ་སྒྲོན་གསང་ཡུམ་སྦེ་བཞེས་ཏེ་ འབྲུག་ལུ་ འབྲུག་པ་བཀའ་རྒྱུད་པའི་ཆོས་ལུགས་ དར་ཁྱབ་མཛད་ནིའི་ ལུང་བསྟན་གནང་ནུག།

ཤུལ་ལས་ས་གནས་དེ་ཁར་ བླམ་འབྲུག་པ་ཀུན་ལེགས་དང་ ཁོ་གི་སྲས་ བླམ་ ངག་དབང་ བསྟན་འཛིན་ དེ་ལས་ མི་ཕམ་ཚེ་དབང་བསྟན་འཛིན་ དང་ཞབས་དྲུང་ངག་དབང་རྣམ་རྒྱལ་ལ་སོགས་པའི་ གལ་གནད་ཅན་གྱི་སྐྱེས་བུ་ ལེ་ཤ་ཅིག་གིས ཞབས་ཀྱིས་བཅགས་གནང་ནུག། ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ ས་གནས་དེ་ཁར་ སྒོམ་གནང་སྟེ་ ངག་བཅུ་དྲུག་མ་ཡང་བརྩམས་གནང་ཡོདཔ་དང་ ཡབ་ བསྟན་པའི་ཉི་མ་གི་ སྐུ་གདུང་ཡང་ གནས་བདག་ རྟ་མགྲིན་གྱི་ བྲག་ཕུག་ནང་ བཙུགས་གནང་ནུག།

ད་ལྟོ་ཡོད་པའི་ ལྷ་ཁང་དེ་ ༡༦༨༩ ལུ་ རྒྱལ་སྲས་ བསྟན་འཛིན་རབ་རྒྱས་ དགུང་ལོ་ ༥༡ བཞེས་པའི་སྐབས་ བཞེངས་ཡོདཔ་དང་ ཐོག་གསུམ་སྦེ་མི་ལྷ་ཁང་དེ་ གཡུས་ཁའི་མི་ཚུ་གི་གྲོགས་རམ་འབད་དེ་ ཟླཝ་ གཉིས་ཀྱི་ནང་འཁོད་ལུ་བཞེངས་གནང་ནུག། རྒྱལ་སྲས་ བསྟན་འཛིན་རབ་རྒྱས་མཆོག་ ཡབ་ཚེ་དབང་བསྟན་འཛིན་དང་ ལྕང་སྒང་ཁ་བླམ་གྱི་སྲམོ་ དམ་ཆོས་བསྟན་འཛིན་གཉིས་ཀྱི་སྲས་ལུ་ སྐུ་ཁྲུངས་ཡོདཔ་དང་ ཤུལ་ལས་ཞབས་དྲུང་མཆོག་གིས་ དགེ་སློང་ནང་བཙུགས་གནང་ནུག། རྒྱལ་སྲས་མཆོག་ ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱི་ རྗེས་ཤུལ་བཟུང་ནིའི་དོན་ལུ་ ཆོས་སྲིད་དང་རྒྱལ་སྲིད་གཉིས་ཆ་རའི་ ཤེས་ཡོན་སྦྱངས་ཡོདཔ་ལས་ མཚན་ རྒྱལ་སྲས་ཟེར་ཐོབ་ནུག། ༡༦༥༠ ལུ་ ཁོ་ལུ་ རྒྱལ་ཚབ་ཟེར་སླབ་སྲོལ་ཡོདཔ་དང་ ཤུལ་ལས་ ༡༦༧༢ ཁྲི་རིན་པོ་ཆེ་ཟེར་སླབ་སྲོལ་བྱུངས་ནུག། རྒྱལ་སྲས་ བསྟན་འཛིན་རབ་རྒྱས་མཆོག་ ༡༦༨༠ ལུ་ སྡེ་སྲིད་བཞི་པ་སྦེ་ ཁྲི་མངའ་གསོལ་ཡོདཔ་དང་ ༡༦༩༦ ལུ་ དགུང་ལོ་ ༥༩ བཞེས་པའི་སྐབས་ ཞིང་ཕེབས་ཡོདཔ་ཨིན་མས། རྒྱལ་སྲས་ཞིང་ཕེབས་པའི་སྐབས་ སྐུ་ཚུ་ཤུམས་ཡོད་པའི་ ལོ་རྒྱུས་ཚུ་ཡང་ཡོདཔ་དང་ དེ་ཚུ་ ད་ལྟོ་བར་ན་ཡང་ སྡེབས་རིས་ཚུ་གུ་ མཐོང་ཚུགསཔ་ཨིན། རྟ་མགོ་ལུ་ རྒྱལ་སྲས་ བསྟན་འཛིན་རབ་རྒྱས་ཀྱི་སྐུ་གདུང་ཡོད་པའི་ སྐུ་གདུང་མཆོད་རྟེན་གཅིག་ཡང་ཡོདཔ་ཨིན།

རྟ་མགོ་ལུ་ཡོད་པའི་ ཙན་དན་ཤིང་ཚུ་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ ཕྱག་འཁར་ཨིནམ་སྦེ་ བཤདཔ་ཨིནམ་དང་ ཙན་དན་ཤིང་གི་རྩ་བར་ཡོད་པའི་ མཆོད་རྟེན་དེ་ མཁའ་འགྲོ་ བསོད་ནམས་དཔལ་སྒྲོན་སངས་རྒྱས་ས་ ཨིནམ་དང་ མཆོད་རྟེན་དེ་ མོ་གི་རྒྱུ་ཅ་ལ་ཚུ་བཞག་ནིའི་དོན་ལུ་ བཞེངས་ཡོདཔ་ཨིན་མས། ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་ སྒོམ་གནང་བའི་ཤུལ་ལུ་ རྟ་མགྲིན་གནས་ཟེར་མི་ ལྷ་ཁང་ཆུང་ཀུ་གཅིག་ཡང་བཞེངས་གནང་ནུག།

༡༩༦༦ ལུ་ འབྲུག་གི་ རྗེ་མཁན་པོ་ ཁྲི་རབས་ ༦༤ པ་ འཇམ་དབྱངས་ ཡེ་ཤེས་ སེང་གེ་ དང་ ཨ་ཞེས་ ཕུན་ཚོགས་ཆོས་སྒྲོན་གཉིས་ཀྱིས་ བླམ་ བསྟན་འཛིན་དོན་སྒྲུབ་དེ་ རྟ་མགོ་བླམ་སྦེ་བཀལ་གནང་ནུག། ཤུལ་ལས་ རྒྱལ་ཡུམ་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་གྱིས་ གདན་འདྲེན་ཞུཝ་བཞིན་དུ་ དུས་འཇོམས་རིན་པོ་ཆེ་མཆོག་གིས་ ས་གནས་དེ་ཁར་ ཞབས་ཀྱིས་བཅགས་གནང་ཡོདཔ་དང་ རྗེ་མཁན་པོ་ ཁྲི་རབས་ ༦༩ པ་ དགེ་བཤེས་ དགེ་འདུན་ རིན་ཆེན་མཆོག་གིས་ ལོ་ ༡༢ དེ་ཅིག་གི་རིང་ལུ་བཤད་གྲྭ་དེའི་དབུ་འཛིན་མཛད་དེ་ རྒྱལ་ཡུམ་ ཕུན་ཚོགས་ཆོས་སྒྲོན་ལས་ མ་དངུལ་གྲོགས་རམ་ཞུ་སྟེ་ དབུ་རྩེ་ ཉམས་བཅོས་མཛད་དེ་ མཁན་རྩེ་ རིན་པོ་ཆེ་མཆོག་གིས་ རབ་གནས་མཛད་གནང་ནུག། ༡༩༧༧ ལུ་ རྒྱལ་ཡུམ་ ཨ་ཞེ་ བསྐལ་བཟང་ཆོས་སྒྲོན་མཆོག་གིས་ ལྷ་ཁང་དེ་ ཉམས་བཅོས་མཛད་གནང་ཡོདཔ་དང་ ༡༩༨༦ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་བཀའ་རྒྱལ་ལྟར་དུ་ ལྷ་ཁང་ཉམས་བཅོས་འབད་ནིའི་ལས་འགུལ་འགོ་བཙུགས་ཏེ་ ལོ་དེ་ནང་རང་ ནང་པའི་བཤད་གྲྭ་ བཙུགས་གནང་ཞིནམ་ལས་ ༡༩༩༦ ལུ་ ལས་འགུལ་དེ་ མཐར་འཁྱོལཅན་གཅིག་སྦེ་ མཇུག་བསྡུ་གནང་ནུག།

དགོན་སྡེ་འདི་ནང་ སྤྲུལ་སྐུ་ལྷ་ཁང་དང་ ལོངས་སྐུ་ལྷ་ཁང་ ཆོས་སྐུ་ལྷཁང་དང་ གུ་རུ་ལྷ་ཁང་ དེ་ལས་ རྣམ་སྲས་ལྷ་ཁང་དང་ དགོན་ཁང་བཅས་ ལྷ་ཁང་དྲུག་ཡོདཔ་ཨིན།

སྤྲུལ་སྐུ་ལྷ་ཁང་ནང་ལུ་ ནང་རྟེན་ངོ་མ་ སངས་རྒྱས་ ཤཱཀྱ་མུ་ནི་ནང་ སངས་རྒྱས་མར་མེ་མཛད་ ཇོ་བོ་ བྱམས་པ་དང་ གཞན་ཡང་ (འཇམ་དབྱངས་དང་ ཕྱག་རྡོར་ སྤྱན་རས་གཟིགས་དང་ ནམ་ཁའི་སྙིང་པོ་) ལ་སོགས་པའི་ བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད་ཡོདཔ་ཨིན།

དགོན་ཁང་ནང་ལུ་ དཔལ་ཡེ་ཤེས་དགོན་པོ་ ཕྱག་ལུ་ ཐོད་པ་བརྣམས་སྟེ་ཡོདཔ་དང་ ཐོད་པ་དེ་ བོད་ཀྱི་རྒྱལཔོ་ ཁྲི་སྲོང་ལྡེ་བཙན་གྱི་་ཐོད་པ་ཨིནམ་སྦེ་བཤདཔ་ཨིན་མས།

ལོངས་སྐུ་ ལྷ་ཁང་ནང་ལུ་ སྤྱན་རས་གཟིགས་ཀྱི་སྐུ་ཡོདཔ་དང་ སྐུ་དེ་ ནེ་པཱལ་གྱི་ རྒྱུ་རྩལ་མཁནམ་ པེན་རྩ་བདེ་བ་གིས་ བཞེངས་གནང་གནངམ་ཨིན་མས།

ཆོས་སྐུ་ ལྷ་ཁང་ནང་ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་དང་ རྒྱས་སྲས་ བསྟན་འཛིན་རབ་རྒྱས་གཉིས་ཀྱི་ རྒྱབ་སྐྱོར་མཛད་ཐོག་ལས་ པེན་རྩ་བདེ་བ་གིས་བཞེངས་གནང་མི་ ཚེ་དཔག་མེད་ཀྱི་སྐུ་ཡོདཔ་ཨིན་མས།

གུ་རུ་ ལྷ་ཁང་ནང་ལུ་ ནང་རྟེན་ངོ་མ་ གུ་རུ་ པད་མ་སམ་བྷ་ཝ་དང་ གུ་རུ་མཚན་བརྒྱད་ཡོདཔ་ཨིན།

རྣམ་སྲས་ལྷ་ཁང་ནང་ལུ་ རྣམ་ཐོས་སྲས་ཀྱི་སྐུ་འདྲ་ཡོདཔ་ཨིན།

རྒྱལ་སྲས་ བསྟན་འཛིན་རབ་རྒྱས་ཀྱི་བཞུགས་ཁང་ནང་ལུ་ གུ་རུའི་སྐུ་འདྲ་དེ་ ཚེ་དཔག་མེད་དང་ རྡོ་རྗེ་འཆང་ ཏི་ལོ་པ་དང་ནཱ་རོ་པ་ མར་པ་དང་ སྒམ་པོ་པ་ གླིང་རལ་པ་དང་ སེང་གེ་ཚེེ་ཆེན་དགུ་ རིགས་གསུམ་རྣམ་སྤྲུལ་དང་ རྒྱལ་དབང་རྗེ་ དེ་ལས་ ངག་དབང་ཆོས་རྒྱལ་དང་ ཆོས་སྐྱིད་གྲགས་པ་ བསྟན་པ་རྒྱལ་མཚན་དང་ ངག་གི་དབང་ཕྱུག་ ཀུན་མཁྱེན་ པདྨ་དཀར་པོ་དང་ མི་ཕམ་ཆོས་རྒྱལ་ དེ་ལས་ བསྟན་པའི་ཉི་མ་དང་ ཞབས་དྲུང་ངག་དབང་རྣམ་རྒྱལ་ བླམ་འབྲུག་པ་ཀུན་ལེགས་དང་ ངག་དབང་བསྟན་འཛིན་ རྒྱལ་སྲས་བསྟན་འཛིན་ རབ་རྒྱས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཚུ་གིས་ མཐའ་བསྐོར་ཏེ་ ཡོདཔ་ཨིན། གཞན་ཡང་ ཚངས་པ་རྒྱ་རེ་ དང་ དྲུང་དམ་ཆོས་ མཁས་ཆེན་ བསོད་ནམས་འོད་ཟེར་དང་ རྡོ་རྗེ་ཕག་མོ་ མཁྱེན་ཆེན་བྱང་ཆུབ་སེམསདཔའ་དང་ དྲག་པོ་མ་ཆེན་ གྲུབ་ཐོབ་ ཤ་ཝ་རི་པ་ དང་ རྡོ་རྗེ་རབ་རྒྱས་ སྦྱིན་པ་རྒྱལ་མཚན་དང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་ སྤྱན་རསག་ཟིགས་དང་ སྒྲོལ་དཀར་ སྒྲོལ་སྔོན་ དང་ འབྲུག་པ་ཀུན་ལེགས་ གྲུབ་ཐོབ་ ངག་དབང་བསྟན་འཛིན་དང་ ཚེ་དབང་བསྟན་འཛིན་ ངག་དབང་ཆོས་རྒྱལ་དང་ རྡོ་རྗེ་སེམས་དཔའ་ འཇམ་དཔལ་དམར་གསེར་དང་ ཕྱག་ན་རྡོ་རྗེ་ སློབ་དཔོན་ཀླུ་སྒྲུབ་ དང་ ཇོ་བོ་བྱམས་པ་ སྒྲུབ་ཆེན་ ཤཱཀྱ་ཕེལ་ དེ་ལས་ ཀུན་སྤངས་སྒྱུ་མའི་མགར་མཁྱེན་དང་ རྗེ་རིན་པོ་ཆེ་ ་ ངག་དབང་བསྟན་འཛིན་རབ་རྒྱས་དང་ ནོར་རྒྱུན་མ་ཚུ་ཡོདཔ་ཨིན།

རྟ་མགོ་ལུ་ དུས་ཆེན་གཙོ་བོ་ ༡༩༦༧ ལུ་ གཞི་བཙུགས་འབད་ཡོདཔ་པའི་ དབྱར་གནས་དེ་ ཨིནམ་དང་ དེ་ཡང་ རང་ཟླ་དྲུག་པའི་ ཚེས་ ༡༥ ལས་ རང་ཟླ་བདུན་པའི་ གནམ་སྒང་ཚུན་ཚོད་གནང་སྲོལ་ཡོདཔ་ཨིན།




"https://dz.wikipedia.org/w/index.php?title=རྟ་མགོ།&oldid=29264" ལས་ སླར་འདྲེན་འབད་ཡོདཔ།