རྟ་མགོ་ཆོས་དབྱིངས་ཕོ་བྲང་།

རྟ་མགོ་ཆོས་དབྱིངས་ཕོ་བྲང་ཟེར་མི་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ཕྱག་དང་མཆོད་པ་ཕུལ་སའི་གནས་རྩ་ཅན་ཅིག་ཨིན་པའི་ཁར་ ཕྱི་རྒྱལ་ལྟ་བཤལཔ་མང་ཤོས་ཅིག་ར་གནས་དེ་ཁར་འཕྲལ་འཕྲལ་སྦེ་ར་ཞིབ་འཚོལ་དང་འབྲེལ་གནས་རྩ་ཆེན་ཚུ་མཇལ་བར་འོང་དོ་ཡོདཔ་ཨིན་པས། གནས་དེ་ཡང་ འབྲུག་གི་རྒྱལ་ས་ལྟེ་བ་ལས་ཀི་ལོ་མི་ཊར་ ༡༤ ལྷག་ཙམ་ཅིག་འོངམ་ད་ གནས་འདི་དགའ་ལྡན་ལྷའི་ཞིང་ཁམས་འཇིག་རྟེན་མི་ཡུལ་ལུ་ཆགས་ཆགསཔ་བཟུམ་སྦེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགསཔ་ཨིན།

རྟ་མགོ་ཆོས་དབྱིངས་ཕོ་བྲང་།

རྟ་མགོ་ཟེར་ཞུ་གོ་མི་དེ་ཡང་ རྒྱལ་བ་ཀུན་གྱི་སྤྱི་གཟུགས་འཕགས་པ་སྤྱན་རས་གཟིགས་མཆོག་ ཁྲོ་རྒྱལ་རྟ་མཆོག་རོལ་པའི་སྐུ་བྱག་རི་གི་རྣམ་པ་ལུ་འབྱོན་མིའི་གུར་བྱག་གི་རྣམ་པ་ཡང་རྟའི་མགུ་ཏོ་བཟུམ་ཡོད་མི་ལུ་བརྟེན་ཏེ་ཨིནམ་དང་ རྟའི་མགུ་ཏོ་འདི་ ད་ལྟོའི་བར་ན་ཡང་མ་ཉམས་པར་མཇལ་ཚུགས་དོ་ཡོདཔ་ཨིན་པས། གནས་ཀྱི་མཇུག་ལུ་ཙན་དན་ཤིང་གསུམ་ཡོད་མི་དེ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་ལྷོ་ལྗོངས་འདི་ནང་བཀའ་བརྒྱུད་ཀྱི་བསྟན་པ་དར་ཁྱབ་འབྱུང་ནིའི་སྨོན་ལམ་གྱི་མཚམས་སྦྱར་ཏེ་ ཕྱག་འཁར་ས་ཁར་བརྡབས་མི་དེ་ལས་སྐྱེས་སྐྱེསཝ་ཨིནམ་དང་ ཞིང་ཁམས་ལུ་བྱོན་པའི་ཤུལ་ལུ་བཞེངས་གནང་གནངམ་ཨིན་ཟེར་བཤདཔ་མས།
དེ་ཡང་ སྔོན་ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་དུས་རབས་ ༡༣ པའི་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གཉིས་ ལུང་བསྟན་གྱི་ས་གནས་རྡོ་གདན་ན་ལུ་ བྱ་ནག་ཟམ་པ་ཟེར་སར་ལྷོདཔ་ད་ ཡུལ་ལྷ་ཚུ་གིས་བཀྲ་ཤིས་པའི་རྟེན་འབྲེལ་ལུ་དམིངས་ཏེ་གླང་པོ་ཆེ་དང་གསེར་ཉ་ཚུ་འབུལ་བ་སྦེ་ཕུལཝ་ད་ རྟ་མགོ་འཛིན་གྲྭ་དགུ་པའི་སློབ་ཕྲུག་ཐེངས་ ༡༧ པ་ཡོངས་(༢༠༡༤ ཤོག་གྲངས་ ༧,༨,༩) མ་འོངས་བསྟན་པ་དང་སེམས་ཅན་གྱི་དོན་ལུ་ གནས་སྦེ་་བྱིན་གྱིས་བརླབས་གནང་སྟེ་ ད་རེས་ས་གནས་དེ་ཁར་དེ་ཚུ་ཉམས་སྐྱོན་མེད་པར་གསལ་རི་རི་སྦེ་མཇལ་ཚུགས་པས། དེ་ཚུ་གི་རྟགས་མཚན་ཡང་མ་འདྲཝ་ལེ་ཤ་ཅིག་ར་བཤད་ནི་ཡོདཔ་ལས་ གླང་པོ་ཆེ་འདི་ བཀའ་བརྒྱུད་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་འདི་ནང་ལུ་ཁྱབ་པའི་རྟགས་མཚན་དང། དུང་དཀར་གཡས་འཁྱིལ་འདི་ དཔལ་འབྲུག་པའི་ཆོས་ཀྱི་སྙན་གྲགས་ལུ་ཁྱབ་པའི་རྟགས། གསེར་ཉ་འདི་ བསྟན་འཛིན་གྱི་སྐྱེས་བུ་ཚུ་ཤེས་རབ་ཀྱི་མིག་གསལ་བའི་རྟགས། ནོར་བུ་ནེའུ་ལེ་འདི་ སྤྱིར་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་མཐུན་རྐྱེན་ རྒྱུན་མ་ཆད་པར་ཕུན་སུམ་ཚོགསཔ་སྦེ་་འབྱུང་བའི་རྟགས་མཚན་ཨིན་པས། དེ་འབདཝ་ལས་ ད་ལྟོ་ང་བཅས་རྒྱལ་ཁབ་ནང་ལུ་ ལོངས་སྤྱོད་ཕུན་སུམ་ཚོགས་མི་འདི་ཡང་ ནོར་བུ་འདི་ལས་བརྟེན་ཏེཨིན་པས། མི་ཚུ་གིས་སླབ་མིའི་ནང་འབད་བ་ཅིན་ ད་ལྟོ་རྟ་མགོ་ཆོས་དབྱིངས་ཕོ་བྲང་གི་མཐའ་མ་ལས་ཕར་སྦུལ་རྩ་ལས་ར་མཐོང་ནི་མེད་མི་དེ་ཡང་ ཧེ་མ་གྲོ་ལུང་མགོན་པ་ལུ་ ཀླུ་གདུག་ཅན་སྦུལ་མེ་ལུ་སྤྲུལ་ཏེ་འོང་ས་མཐོང་སྟེ་ དྲོ་པ་གནམ་ནངས་སོཔ་ལས་ རྡོའི་གཟུགས་ལུ་སྤྲུལ་ཏེ་ ད་ལྟོ་ཡང་རྡོ་བྱ་ཁྱུང་ཟེར་མཇལ་ཚུགས་དོ་ཡོདཔ་ཨིན། ལྷ་ཁང་གི་འོག་ལུ་ར་བདེ་བའི་ཕོ་བྲང་ཟེར་བའི་མཆོད་རྟེན་ཅིག་མཇལ་ནི་འདུག། མཆོད་རྟེན་དེ་ ཧེ་མ་ཕ་ཇོ་འབྲུག་སྒོམ་ཞིག་པོ་མཆོག་ ཆོས་རྒྱལ་གཙང་པ་རྒྱ་རས་ཀྱི་ལུང་བསྟན་བཞིན་འབྲུག་རྒྱལ་ཁབ་མཐའ་དབུས་མེད་པར་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་སྟེ་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་དང་བཀའ་བརྒྱུད་ཀྱི་བསྟན་པ་ལུ་ཕན་ཐོགས་པའི་གདུང་གི་ཆོ་ག་མཛདཔ་ད་ མཁའ་འགྲོའི་གསང་བའི་བྷ་ག་དང་ཕྱག་ཞབས་ཀྱི་རྗེས་ཚུ་མཇལ་ནི་ཡོདཔ་ལས་ མཆོད་རྟེན་གྱི་མཚན་ལུ་བདེ་བའི་ཕོ་བྲང་ཟེར་ཞུཝ་ཨིན་པས། འདི་་བཟུམ་སྦེ་ར་ ས་གནས་དེ་ཁར་གནས་བྱིན་བརླབས་ཆེ་ཏོག་ཏོ་ལེ་ཤ་ར་ཞབས་ཀྱིས་བཅགས་གནང་ནུག།
རྟ་མགོ་གནས་ཀྱི་ལྷ་ཁང་གི་འོག་ཐོག་ལུ་ རྟེན་གཙོ་བོ་རྟ་མགྲིན་གསུང་བྱོནམ་དང་ ཡི་དམ་ལྷ་ཚོགས་མཇལ་ཚུགས་པའི་ཤལ་རྡོ་ གདུང་སྲས་ངག་དབང་བསྟན་འཛིན་གྱིས་ ཕ་ཇོ་སྡིངས་ཐུགས་རྗེ་བྲག་ལས་གཏེར་བཞེས་མི་ རྟ་མགྲིན་ཞལ་གསུམ་མ་ཕུར་གཤམ་ཅན་གྱིས་གཙོས་པའི་ ནང་རྟེན་བསམ་གྱིས་མི་ཁྱབ་པ་ཅིག་བཞུགས་ཡོདཔ་ཨིན། དེ་ལས་ དཔལ་འབྲུག་པ་རིན་པོ་ཆེ་མཆོག་ རྟ་མགོའི་སྒྲུབ་ཕུག་ནང་ དཔལ་ཡེ་ཤེས་མགོན་པོའི་བསྙེན་སྒྲུབ་གནང་བཞུགས་སའི་དགོན་ཁང་རྩ་ཅན་དང་ དབུ་རྩེ་ཐོག་གསུམ་འབད་མིའི་ཐོག་འདི་ནང་ རྟེན་་གཙོ་བོ་ བལ་ཡུལ་གྱི་བཟོ་བོ་པན་ཙན་དེ་བ་གིས་བཞེངས་མི་སྨོན་ལམ་གང་བཏབ་ཀྱི་ཐུབ་པ་ཤཱཀྱ་རྒྱལ་པོའི་སྐུ་འདྲ་དང་ དེའི་གཡས་གཡོན་ལུ་སངས་རྒྱས་མར་མེ་མཛད་དང་བྱམས་པ་མགོན་པོའི་སྐུ་འདྲ། དེ་ལས་ མིའི་ཚད་ཙམ་རེ་འབད་་མི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་འདྲ་ཚུ་དང་མགོན་ཁང་ཡོདཔ་ཨིན་མས། བར་ཐོག་ལོངས་སྐུའི་ལྷ་ཁང་ནང་ བཟོ་བོ་པན་ཙན་དེ་བའི་ཕྱག་བཟོ་ཨིན་མི་རྟེན་གྱི་གཙོ་བོ་སྤྱན་རས་གཟིགས་དང་ གཡས་ཁ་ཐུག་ལུ་གུ་རུའི་ལྷ་ཁང་ གཡོན་ཁ་ཐུག་ལུ་རྣམ་སྲས་ཕོ་བྲང་གི་ལྷ་ཁང་ཨིན་མས། སྟེང་ཐོག་ཆོས་སྐུའི་ལྷ་ཁང་ནང་ ནང་རྟེན་གཙོ་བོ་མགོན་པོ་ཚེ་དཔག་མེད་དང་ གཡས་གཡོན་ལུ་ཞབས་དྲུང་རིན་པོ་ཆེ་དང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྐུ་འདྲ་ཚུ་མཇལ་ཚུགས་དོ་ཡོདཔ་ཨིན་མས།

ཁུངས་གཏུག།

ཞུན་དག
  1. རྟ་མགོ་འཛིན་གྲྭ་དགུ་པའི་སློབ་ཕྲུག་ཐེངས་ ༡༧ པ་ཡོངས། (༢༠༡༤)བཤད་སྒྲུབ་ཆོས་ཀྱི་འབྱུང་གནས་རྟ་མགོ་ཆོས་དབྱིངས་རྫོང་གི་གནས་ཀྱི་ལམ་སྟོན་བསྡུས་པ་བཞུགས་སོ།།
  2. རྟ་མགོ་འཛིན་གྲྭ་དགུ་པའི་སློབ་ཕྲུག་ཐེངས་ ༡༧ པ་ཡོངས།. (༢༠༡༤). བཤད་སྒྲུབ་ཆོས་ཀྱི་འབྱུང་གནས།.