རྒྱལ་ཡོངས་ལས་རྟགས་ཀྱི་བཤད་པ་དང་ལག་ལེན།

རྒྱལ་ཡོངས་ལས་རྟགས་འདི་ནང་ འབྲུག་གི་རྒྱལ་དར་གྱི་ཆ་ཤས་མང་ཤོས་ཅིག་ཡོདཔ་མ་ཚད་ སྒྱུ་རྩལ་དུམ་གྲ་ཅིག་སོ་སོ་ཡོདཔ་མ་གཏོགས་ ང་ཤོས་ར་ཆོས་ཀྱི་བརྡ་མཚན་ཚུ་ཡོད། ལས་རྟགས་འདི་ ཨ་ཞེ་བཀྲིས་རྡོ་རྗེ་མཆོག་གིས་སྦྱིན་བདག་མཛད་དེ་ སོག་པོ་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཁནམ་ཅིག་གིས་བཟོ་བཀོད་འབད་ཡོདཔ་ཨིན། འདི་ཁར་ཡོད་པའི་རྡོ་རྗེ་རྒྱ་གྲམ་འདི་ སློབ་དཔོན་པདྨ་འབྱུང་གནས་ཀྱིས་ མ་རུང་བདུད་སྲིན་ཚུ་་དམ་ལུ་བཏགས་ནིའི་དོན་ལུ་ལག་ལེན་འཐབ་པའི་མཚོན་ཆ་ཅིག་ཨིན། (Wangchuk, 2008).
ལས་རྟགས་འདི་སྒོར་དབྱིབས་ཅན་གྱི་སྦུག་ལུ་ རྡོ་རྗེ་རྒྱ་གྲམ་འདི་མེ་ཏོག་པད་མའི་སྟེང་ལུ་ཡོད། འདི་གི་གཡས་གཡོན་ལུ་ འབྲུག་དཀརཔོ་ཕོ་མོ་གཉིས་ཀྱིས་སྐྱོར་ཏེ་ཡོད། ནོར་བུ་དགོས་འདོད་དཔུང་འཇོམས་འདི་ དེ་ཚུ་གི་ལྟག་ལུ་གནས་ཏེ་ཡོད། རྡོ་རྗེ་གཉིས་རྒྱ་གྲམ་འབྱུང་སའི་སྦུག་ལུ་ ནོར་བུ་གཞན་ཡང་བཞི་ཡོད། འདི་གིས་ འབྲུག་རྒྱལ་ཁབ་ཀྱི་སྔར་སྲོལ་ཆོས་དང་སྲིད་གཉིས་ གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞི་གུར་གནས་པའི་བརྡ་ཚོན་སྟོནམ་ཨིན། མེ་ཏོག་པདྨ་འདི་ མི་གཙང་བའི་གྲིབ་པ་ཞུགས་ཏེ་མེད་བའི་རྟགས་མཚན་དང་ ནོར་བུ་དགོས་འདོད་དཔུང་འཇོམས་འདི་ འབྲུག་མི་ཚུའི་རང་དབང་རང་བཙན་ཡོད་པའི་བརྡ་མཚོན་ཨིནམ་མ་ཚད་ འབྲུག་ཕོ་མོ་གཉིསཔོ་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་མིང་ལུ་མཚོནམ་ཨིན། ལས་རྟགས་འདི་ འབྲུག་གི་ཡིག་ཚང་ཚུ་ནང་ གཞུང་འབྲེལ་དུ་ལག་ལེན་འཐབ་སྲོལ་ཡོདཔ་དང་ སློབ་གྲྭ་ཁག་གི་དཔེ་ཆ་ཚུ་གུར་ཡང་ པར་བཏབ་སྟེ་ཡོད། ཡིག་ཚང་ཚུ་ནང་ དཔལ་ལྡན་འབྲུག་པའི་ངོ་རྟགས་ལུ་ ཡི་གུ་འབྲི་སའི་ཤོག་ཀུའི་མགུ་ལུ་ ལས་རྟགས་འདི་གི་པར་བཞགཔ་མ་ཚད་ ཡིག་ཚང་རང་སོའི་ཡོངས་འབྲེལ་ཚུ་ནང་ཡང་ ལས་རྟགས་འདི་བཀོདཔ་ཨིན། སྤྱིར་བཏང་ རྒྱལ་ཁབ་ནང་ ཁག་ཆེ་བའི་ལས་ཁུངས་དང་ལས་སྡེ་མང་ཆེ་ཤོས་ཀྱི་ལས་རྟགས་ཚུ་ཡང་ གཞི་འདི་ལུ་བཞག་སྟེ་ གསར་བཟོ་འབདཝ་མ་ཚད་ མདོར་བསྡུ་བ་ཅིན་ ལས་རྟགས་འདི་བྱིན་ཅན་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་མཐའ་དབུས་མེད་པའི་མི་སེར་ཚུ་གི་བར་ན་ གཅིག་བསྒྲིལ་བཟོ་ཚུགས་པའི་ནུས་པ་ཡོདཔ་ཨིན།

ཁུངས་གཏུག།

ཞུན་དག
  1. Wanghcuk, L. (2008). Facts about Bhutan, Thimphu, Absolute Bhutan Books.