རྒྱལ་ཡོངས་དུས་ཆེན། National Day
རྒྱལ་ཡོངས་དུས་ཆེན་ཟེར་མི་འདི་ རྒྱལ་ཁབ་རང་ར་སོ་སོའི་ནང་ ལོ་བསྟར་བཞིན་དུ་བརྩི་སྲུང་ཞུ་སྲོལ་ཡོད་པའི་ རྒྱལ་ཁབ་ཀྱི་དུས་ཆེན་རྩ་ཅན་ཅིག་ལུ་གོ་ནི་ཨིན། འཛམ་གླིང་འདི་ནང་རྒྱལ་ཁབ་ 195 ཡོདཔ་ཨིན་རུང་ རྒྱལ་ཁབ་ཌེན་མརཀ་དང་ ཡུ་ནའི་ཊེཌེ་ཀིང་ཌོམ་གཉིས་ནང་རྐྱངམ་གཅིག་མ་གཏོགས་ གཞན་རྒྱལ་ཁབ་ག་ར་གིས་གཞུང་འབྲེལ་དུ་བརྩི་སྲུང་ཞུ་དོ་ཡོདཔ་ཨིན། Fisher (2014)། དེ་སྦེ་བརྩི་སྲུང་ཞུ་དགོ་པའི་ཁུངས་དེ་ཡང་ རྒྱལ་རབས་འདི་ནང་ ནམ་ཡང་བརྗེད་པར་ཕངས་པའི་ཉིནམ་ཅིག་ཨིན་པ་ལས་བརྟེན་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དུས་ཆེན་འདི་ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ལུ་ ལོ་བསྟར་བཞིན་དུ་བརྩི་སྲུང་ཞུཝ་ཨིན། རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་དགོ་མི་འདི་ དེ་བསྒང་ང་བཅས་རའི་རྒྱལ་ཁབ་འདི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གཞི་བཙུགས་གནང་མི་ ཆོས་སྲིད་གཉིས་ལྡན་ཟེར་ ཆོས་ཀྱི་ཧོངས་ལས་རྗེ་མཁན་པོ་དང་ སྲིད་ཀྱི་ཧོངས་ལས་སྡེ་སྲིད་ཚུ་གིས་ མི་ལོ་མང་རབས་ཅིག་གི་རིང་དབང་སྟེ་སྡོད་ནུག། དེ་བཟུམ་མའི་ལུགས་གཉིས་གཞི་བཙུགས་མཛད་དེ་ ཁྲིམས་ཅིག་གི་མངའ་འོག་ལུ་གནས་རུང་ ཕྱིའི་དམག་དང་ནང་གི་དམག་འཁྲུག་ལངས་ཏེ་སྡོད་ནུག། ཨིན་རུང་ དུས་ཚོད་རིམ་གྱིས་སྦེ་ ང་བཅས་རའི་འབྲུག་རྒྱལ་ཁབ་ནང་ སྡེ་སྲིད་ཀྱི་རིང་ལུགས་འདི་མེད་པའི་བསྒང་ལས་ སྐྱིད་སྡུག་གི་ཕམ་ བརྒྱུད་འཛིན་གྱི་རྒྱལཔོ་དང་པ་ གོང་ས་ཨྱོན་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་སྤྱི་ཚེས་ ༡༧ ་ལུ་ རྒྱལ་པོའི་གསེར་ཁྲི་ལུ་ཁྲི་མངའ་རྒྱས་ཤིང་རྒྱས་པར་མཛད་ཡོདཔ་ཨིན། (Hasrat, 1980)། འདི་ལས་ཚུར་ ལོ་རན་ཆད་མེད་པར་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཡོངས་དུས་ཆེན་ཟེར་བརྩི་ནིའི་སྲོལ་བྱུང་ནུག།
དེ་སྦེ་བརྩི་སྲུང་ཞུ་དགོ་པའི་ཁུངས་ཡང་ ད་ལྟོ་ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ཞི་བདེ་དང་དགའ་སྐྱིད་ཀྱིས་ངང་ལསསྐྱོང་མི་ དབང་ཕྱུག་བརྒྱུད་འཛིན་རྒྱལཔོ་ཐོག་མར་འདི་ ཉིནམ་འདི་ནང་ལས་འགོ་བཙུགས་ཡོདཔ་ལས་བརྟེན་ འབྲུག་གི་རྒྱལ་རབས་ནང་ ག་ནི་བ་གལ་ཅན་གྱི་ཉིནམ་ཅིག་ཨིན། དེ་མ་ཚད་ འབྲུག་རྒྱལ་ཁབ་འདི་ སྡེ་སྲིད་ཚུ་གིས་སྐྱོང་སྟེ་ཡོད་པའི་དགའ་ཚོར་དང་ རྒྱལ་པོའི་རིང་ལུགས་འགོ་བཙུགས་པའི་རྟེན་འབྲེལ། རྒྱལ་ཁབ་འདི་ནང་གི་སྤྱི་གཙུག་གི་ཉིན་ཟླ་ མི་དབང་མངའ་བདག་རྒྱལ་པོ་ཟེར་བའི་ཐ་སྙད་དང་ འབྲུག་གི་རྒྱལ་པོ་ཟེར་བའི་ཐ་སྙད་དེ་ལས་བརྟེན་བྱུང་བྱུངམ་ཨིན། ང་བཅས་ར་འབྲུག་རྒྱལ་ཁབ་འདི་ དབང་ཕྱུག་བརྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་གྱིས་སྐྱོང་སྟེ་ དུས་ཅི་བརྩི་སྲུང་ཞུཝ་ད་ མི་ལོ་ ༡༡༥ འཁོར་དོ་ཡོདཔ་ཨིན། ཉིནམ་འདི་ཁར་ རྒྱལ་ཡོངས་ཀྱི་ངལ་གསོ་ཨིནམ་དང་ འབྲུག་རྒྱལ་ཁབ་མཐའ་དབུས་མེད་པའི་མི་སེར་ག་ར་གིས་ དད་དམ་གཙང་བའི་སྒོ་ལས་བརྩི་སྲུང་ཞུཝ་ཨིན།
ཉིནམ་འདི་ཁ་ལུ་ ང་བཅས་ར་གིས་སྐྱབས་མགོན་དཀོན་མཆོག་གསུམ་དང་འདྲ་བའི་རྒྱལ་པོ་མཆོག་གིས་ བཀའ་སློབ་གསེར་གྱི་ཐིག་པ་ འབགན་རི་བ་ལྕི། འབོརན་གསེར་བ་ཕངས་པའི་བཀའ་སློབ་ཚུ་གནངམ་ཨིན། རྒྱལ་ཁབ་འདི་ནང་འགྱུར་བ་རྒྱ་ཆེ་དྲགས་སྦེ་འགྱོ་ཡོད་མི་འདི་ཡང་ ང་བཅས་རའི་རྒྱལ་པོ་གིས་བཀའ་སློབ་ལྟར་དུ་ མཛད་མི་ལས་བརྟེན་ཨིནམ་ལས་ དམིགས་བསལ་དུ་ཉིནམ་འདི་གལ་ཅན་ཅིག་ཨིན། དེ་ཡང་ རྒྱལ་པོའི་བཀའ་སློབ་མང་རབས་ཅིག་གནང་པའི་གྲས་ལས་ མི་སེར་ཚུ་ལུ་དཀའ་ངལ་ག་བཟུམ་ཅིག་ར་ འབྱུང་དོ་ག་ཚུ་བཤད་དོ་ཡོད་དང་ དེ་དང་བསྟུན་པའི་གདོང་ལེན་ག་དེ་སྦེ་ར་འབད་དགོཔ་འདུག་ག་ཚུ་གི་ཐབས་ཤེས་ཚུ་ཡང་སྟོན་གནངམ་ཨིན། དེ་འབདཝ་ལས་ རྒྱལ་ཡོངས་དུས་ཆེན་ནང་གསུངས་མིའི་རྒྱལ་པོའི་གསུངས་བཤད་འདི་ལས་བརྟེན་ རྒྱལ་ཁབ་ནང་ འགྱུར་བ་རྒྱ་ཆེ་དྲགས་སྦེ་འབག་འོང་དོ་ཡོདཔ་ཨིན།
References:
Fisher, M. (2014, July 3). MAP: How every country in the world celebrates its version of July 4th . Retrieved from Vox: https://www.vox.com/2014/7/3/5867599/heres-a-map-of-other-countries-versions-of-4th-of-july
Hasrat, B. J. (1980). History of Bhutan. Singapore: Times Printers Sdn. Bhd.
Source : Dzongkha Development Commission 2022