རྒྱལ་འཛིན་ཐགས་རིག་སློབ་སྡེ།
༉ ཐགས་འཐག་ནི་འདི་ རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་ཀྱི་ཆ་ཤས་གཙོ་བོ་ཅིག་ཨིན། འཚོ་བའི་རིག་རྩལ་ཚུ་མི་ཉམས་རྒྱུན་སྐྱོང་དང་གོང་འཕེལ་གཏང་ཐབས་ལུ་དམིགས་ཏེ་ རྒྱལ་འཛིན་ཐགས་རིག་སློབ་སྡེ་འདི་ སྤྱི་ལོ་ ༢༠༠༥ ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་གི་སྐྱབས་འཛིན་འོག་ལུ་ གཞུང་མིན་དང་ཁེབ་ས་མེད་པའི་ལས་ཚོགས་ཅིག་སྦེ་གཞི་བཙུགས་མཛད་གནང་ནུག། རྒྱལ་འཛིན་ཐགས་རིག་སློབ་སྡེ་འདི་ འབྲུག་གི་མི་སྡེ་ལས་ཚོགས་ཀྱི་བཅའ་ཁྲིམས་སྤྱི་ལོ་ ༢༠༠༧ ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༣ ལུ་ཐོ་བཀོད་མཛད་ཡོདཔ་ཨིན་མས། སློབ་སྡེ་འདི་ མི་དབང་རྒྱལ་ཡུམ་ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ཁྲི་འཛིན་སྦེ་མཛད་པའི་དབུ་ཁྲིད་ཀྱི་འོག་ལུ་ བློ་གཏད་བཀོད་ཚོགས་ཅིག་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་མས། བཀོད་ཚོགས་ཀྱི་མཐུས་མི་གཞན་ཡང་ ཕེ་རིང་སྨན་རིགས་ཚོང་སྡེའི་ཁྲི་འཛིན་ ཌོག་ཊར་ཕྼེ་ཌེ་རིག་པཱོལ་སེན་་། འབྲུག་གཞུང་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་དྲག་ཤོས་ཀརྨ་ཌབ་ལུ་དཔལ་འབྱོར། འབྲུག་གཞུང་ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་དྲུང་ཆེན་དྲག་ཤོས་བསོད་ནམས་སྟོབས་རྒྱས། ། དེ་ལས་ ཝ་ཤིང་ཊཱོན་ཌི་སི་ལུ་ཡོད་པའི་འབྲུག་རྒྱལ་འཛིན་ཐགས་རིག་སློབ་སྡེ་གི་ཆ་རོགས་ཀྱི་སྲིད་འཛིན་ ཀིརིསི་ཏ་ཨེ་མ་སཱན་ཚུ་ཨིན་མས། སློབ་སྡེའི་བཀོད་ཁྱབ་མདོ་ཆེན་འདི་གིས་ བཀོད་ཚོགས་འདི་གི་འགན་འབྲེལ་གྱི་མཐུས་མི་དྲུང་ཆེན་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་མས།
རྒྱལ་འཛིན་ཐགས་རིག་སློབ་སྡེ་གི་དམིགས་སྐྱེད་འདི་ ང་བཅས་རའི་རྒྱལ་ཁབ་ནང་གི་ཐགས་རིག་གི་སྐོར་ལས་ ཤེས་ཡོད་བྱིན་ནི་དང་། དེ་ཚུ་ཉམས་སྲུང་འབད་ནི་དང། གོང་འཕེལ་ གཏང་ནི་ལུ་བརྩོན་ཤུགས་བསྐྱེད་ནི་འདི་ཨིན་མས། དེ་མ་ཚད་ གོ་བ་བརྡ་སྤྲོད་འབད་ནི་ དང་ ཕན་ཚུན་གཉིས་ལུ་ཕན་པའི་འགྲེམས་སྟོན་དང་ཤེས་ཡོན་གྱི་ལས་རིམ་ཚུ་གོང་འཕེལ་ གཏང་ནའི་དོན་ལུ་ རྒྱལ་སྤྱིའི་མཉམ་འབྲེལ ལུ་སེམས་ཤུགས་བསྐྱེད་བཅུག་ནི་ལུ་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས། རྒྱལ་འཛིན་ཐགས་རིག་སློབ་སྡེ་གི་དམིགས་ཡུལ་ཚུ་རིམ་པ་བཞིན་དུ་བཀོད་པ་ཅིན་ དང་པ། ཐགས་འཐག་ནི། བཟོ་བཀོད་དང་བཟོ་འདོན་གྱི་ ཁྱད་རིག་སྦྱོང་བརྡར་འབད་སའི་རྒྱལ་ཡོངས་ལྟེ་བ་ཅིག་བྱིན་ནི། གཉིས་པ། ཉམས་སྲུང་དང་འགྲེམས་སྟོན་རིག་པའི་ནང་ ལས་གཡོག་པའི་སྦྱོང་བརྡར་དང་གོམས་གཡོག་གི་དོན་ལུ་ སློབ་གཉེར་གྲོགས་རམ་གྱི་ལས་རིམ་བཟོ་ནི། གསུམ་པ། ང་བཅས་རའི་རྒྱལ་ཁབ་ཀྱི་སྔར་སྲོལ་ཐགས་རིགས་ཁག་ཆེ་ཤོས་ཚུ་ག་ར་བསྡུ་སྟེ་ཐོ་བཀོད་འབད་བཞག་ནི། བཞི་པ། རྒྱལ་སྤྱི་དང་རྒྱལ་ཁབ་ནང་འཁོད་ཀྱི་དོན་ལུ་ འགྲེམས་སྟོན་གྱིས་གོ་བཟོ་ནི། ལྔ་པ། འབྲུག་གི་ཐགས་རིགས་ཚུ་ཉམས་སྲུང་དང་བསྐྱར་གསོ་འབད་ནིའི་དོན་ལུ་ ཉམས་སྲུང་ལྟེ་བ་ཅིག་གཞི་བཙུགས་འབད་ནི་དང་། དྲུག་པ། འབྲུག་པའི་ཐགས་རིག་རྩལ་རིག་གུར་ད་ལྟོ་འབད་བའི་བསྒང་ཡོད་པའི་སྔར་སྲོལ་དང་ཤེས་ཡོན་ལས་རིམ། གོ་བསྡུར་ཞལ་འཛོམས། སློབ་སྦྱོང་སྡེ་ཚན། དེ་ལས་ ལེགས་སྦྱར་ ལ་སོགས་པ་ཚུ་འཛིན་སྐྱོང་འཐབ་ནིའི་དམིགས་པ་བསྐྱེད་དོ་ཡོདཔ་ཨིན་མས། ༼རྒྱལ་འཛིན་ཐགས་རིག་སློབ་སྡེ། ༢༠༡༦།༽ རྒྱལ་འཛིན་ཐགས་རིག་སློབ་སྡེ་འདི་ རྒྱལ་ཁབ་ནང་ལུ་ གོང་ཅན་གྱི་ཐགས་རིག་དང་གཞན་རྒྱལ་རབས་ཅན་གྱི་དངོས་པོ་ཚུ་ རྒྱལ་སྤྱིའི་ནང་ངོས་ལེན་ཡོད་པའི་ཉམས་སྲུང་དང་རྒྱུན་སྐྱོང་གི་ཐབས་ལམ་ལག་ལེན་འཐབ་སྟེ་རྒྱུན་སྐྱོང་འབད་མི་གཙུག་སྡེ་དང་པ་ཨིན་མས།
ཉམས་སྲུང་ལྟེ་བ་འདི་གི་འགན་ཁུར་འདི་ རྒྱལ་རབས་ཅན་གྱི་དངོས་པོ་ཚུ་ཉམས་སྲུང་དང་རྒྱུན་སྐྱོང་འབད་ནི་རྐྱངམ་གཅིག་གིས་མ་དོ་བར་ འབྲུག་རྒྱལ་ཁབ་ནང་གི་རྫོང་དང་དགོན་སྡེ་ཁག་མང་རབས་ཅིག་ནང་ལུ་ར་ བསྐྱར་གསོ་ཕྱམ་ཕྱིམ་ལས་འགོ་བཟུང་སྟེ་ ཞབས་ཏོག་ཞུ་ནིའི་ནང་འགན་ཁུར་འབག་ཡོདཔ་ཨིན་མས།ད་ལྟོ་འབད་བ་ཅིན་ རྒྱལ་འཛིན་ཐགས་རིག་སློབ་སྡེའི་ཉམས་སྲུང་ལྟེ་བ་གིས་ གཙོ་བོ་ར་ཐགས་རིགས་ལུ་དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་མས། ཨིན་རུང་ ཁོང་གི་བསྡུ་ལེན་རྒྱ་སྐྱེད་འབད་དེ་འགྱོ་མི་དང་འབྲེལ་ ཐགས་རིགས་ཀྱི་ཅ་ལ་རྐྱངམ་གཅིག་གིས་མ་དོ་བར་ལྕགས་རིགས་དང་། ཤིང་བཟོ། ཚོན་རིས་ལ་སོགས་པ་ཚུ་ཡང་བསྡུ་དོ་ཡོདཔ་ལས་ ཉམས་སྲུང་ལྟེ་བ་འདི་གིས་ དེ་བཟུམ་མའི་སྒྱུ་རྩལ་དང་རྒྱལ་རབས་ཅན་གྱི་དངོས་པོ་ཚུ་ཡང་ གྲངས་སུ་བཙུགས་ནི་ལུ་བརྩོན་དོ་ཡོདཔ་ཨིན་མས།
དེ་མ་ཚད་ ཐགས་འཐག་ནིའི་སློབ་གྲྭ་གཞི་བཙུགས་འབད་དེ་ཡོད་མི་འདི་གིས་ སློབ་ཕྲུག་ཚུ་སྔར་སྲོལ་གྱི་ཐགས་འཐག་ནི་དང་སྐུདཔ་ཚོས་གཏང་ཐངས་ཀྱི་རིག་རྩལ་དང་། དེ་གིས་ཡང་མ་དོ་བར་ དེང་སང་གི་རིག་རྩལ་གྱི་ཐོག་ལས་བཀོད་རིས་དང་ཚོས་གཞི་མཉམ་སྦྱོར་ཚུ་གི་ཐོག་ལུ་སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན་མས། སློབ་གྲྭ་དེ་ནང་ལས་ སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༦ པ་ཚུན་ སློབ་ཕྲུག་ ༢༠༠ ལྷགཔ་ཅིག་འབད་མིའི་སྡེ་ཚན་ ༡༡ གི་ནང་ སྦྱོང་བརྡར་འབད་དེ་མཇུག་བསྡུ་ཡོདཔ་ཨིན་མས། སྦྱོང་བརྡར་གྱི་དུས་ཡུན་ཡང་ ཟླ་ངོ་གསུམ་གྱི་རིང་ལུ་ཨིནམ་དང་། དེ་བསྒང་ སློབ་ཕྲུག་ཚུ་གིས་ དཀར་རྐྱང་གི་ཐགས་དང་འབུ་རས་སེ་ཤུད་ཡ་ཁྲག་ཀྱི་དཀྱི་ར་ཚུ་ཁྲ་བཀོད་ཡང་འཇམ་སམ་སྦེ་འཐག་ཡོདཔ་དང་ ཁོང་རའི་རིག་རྩལ་དང་འཁྲིལ་ཏེ་ མགུ་རྙོག་དྲགས་ཀྱི་དཔེ་རིས་ཚུ་ཡང་འཐག་ཡོདཔ་ཨིན་མས། ཨིན་རུང་ ཐགས་འཐག་ནིའི་ནངའགོ་དང་པ་ཨིན་མིའི་སློབ་ཕྲུག་ཚུ་ལུ་འབད་བ་ཅིན་ དང་པ་ར་ སྐུདཔ་ཙང་ཙ་སྦེ་དཀར་རྐྱང་གི་ཐགས་འཐག་བཅུག་དོ་ཡོདཔ་དང་ དེ་ལས་རིམ་པ་བཞིན་དུ་འབུ་རས་དང་སེ་ཤུད་ དེ་ལས་ མགུ་རྙོག་དྲགས་ཡོད་པའི་ གོ་ལ་ཚུ་ཐགསཔ་ཨིན་མས། ༼རྒྱལ་འཛིན་ཐགས་རིག་སྡོབ་སྡེ། ༢༠༡༦།༽ (Royal Textile Academy of Bhutan, 2016)
ཁུངས་གཏུག།
ཞུན་དག- Royal Textile Academy of Bhutan. (2016). About RTA. Retrieved from About Us - RTA: http://www.rtabhutan.org
- Royal Textile Academy of Bhutan. (2016). About RTA. Retrieved from Programs- RTA: http://www.rtabhutan.org