རིག་འཛིན་འཇའ་ཚོན་སྙིང་པོ།

རིག་འཛིན་འཇའ་ཚོན་སྙིང་པོ་མཆོག་ས་གནས་ བོད་ཀོང་པོ་གི་ཆ་འོག་གཡུས་ཝ་རུ་གནམ་ཚལ་ཟེར་ས་ལུ་སྤྱི་ལོ་༡༥༨༥ ལུ་ ཡབ་ཆོས་སྐྱོང་མགོན་པོ་དང་ཡུམ་ནམ་ལངས་བུ་ཁྲིད་གཉིས་ཀྱི་སྲས་སྦེ་སྐུ་འཁྲུངས་ནུག། སྐུ་ན་ཆུང་ཀུའི་བསྒང་ལས་ཆོས་ཀྱི་བག་ཆགས་དང་ལྡན་པ་མི་ཅིག་ཨིནམ་ལས་ དགུང་ལོ་༣ ལས་ཡི་གུ་གི་བརྡ་སྟོནམ་ཙམ་གྱིས་མཁྱེན་མ་ཚད་ རྡོ་ལུ་ཞབས་རྗེས་ཡང་ལེ་ཤ་བཞག་གནང་ཡོདཔ་ཨིནམ་པས། དགུང་ལོ་བཅུ་གཉིས་ལས་འགོ་བཙུགས་ཏེ་ཉི་ཤུ་ཚུན་ཚོད་ཀྱི་བར་ན་ སྐུ་ཡོན་སྦྱངས་ཡོད་པའི་ནང་ལས་གཙོ་བོ་སྨན་རིག་ལུ་སྦྱང་བཙོན་མཛད་ནུག། ཐུགས་ངེས་འབྱུང་སྐྱོ་ཤས་ཀྱིས་རྒྱུད་བསྐུལ་ཏེ་ ཆུང་ཀུ་བསྒང་ལས་ ཆོས་སྒྲུབ་ནི་གི་རེ་འདུན་རྐྱངམ་ཅིག་བཞེསཔ་བཞིན་དུ་ དགུང་ལོ་ཉི་ཤུ་བཞེསཔ་ད་ མི་ཕམ་བཀྲ་ཤིས་བློ་གྲོས་ཀྱི་སྐུ་མདུན་ལས་ དགེ་ཚུལ་གྱི་སྡོམ་པ་ཚུ་ ཞུ་སྟེ་མཚན་ཡང་ངག་དབང་ཆོས་རྒྱལ་དབང་པོ་ཟེར་གསོལ་ཡོདཔ་དང་ དེ་བཟུམ་སྦེ་མཉམ་མེད་ལྷ་རྩེ་བ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་བཞེས་གནང་ནུག། ལོ་ངོ་བཅུ་བདུན་གྱི་རིང་ལུ་ རི་ཁྲོད་འགྲིམས་ཏེ་སྐུ་མཚམས་བཅད་དེ་བཞུགས་ནུག།

འཇའ་ཚོན་སྙིང་པོཁོ་རའི་རྣམ་ཐར་དང་འཁྲིལཝ་ད་ སྐུ་མཚམས་ནང་བཞུགས་པའི་རིང་ལུ་ཨིན་ན་ ཡང་ཅིན་སྐུ་མཚམས་ལས་བཞེངསམ་ཅིག་ཨིན་ན་ངེས་པ་མེད་རུང་ སྤྱི་ལོ་༡༦༢༠ དགུང་ལོ་སུམ་ཅུ་སོ་དྲུག་བཞེསཔ་ད་ མཁའ་གྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་བྲིསམ་ཨིན་ཟེར་སླབ་སྲོལ་ཡོད་པའི་གཏེར་གྱི་དཀར་ཆག་ཅིག་གཏེར་སྦེ་བཞེས་གནང་ནུག། དེ་གིས་མ་ཚད་ད་རུང་ ཁོ་རའི་ཡོངས་གྲགས་ཅན་གྱི་གཏེར་ཆོས་ཀྱི་གཙོ་བོ་དཀོན་མཆོག་སྤྱི་འདུས་ཀྱིས་གཙོས་པའི་གཏེར་ཆོས་ལེ་ཤ་ཅིག་གཏེར་སྦེ་བཞེས་གནང་ནུག། སྙིང་པོ་མཆོག་ལུ་ཁོ་ར་གིས་བཞེས་་མི་གཏེར་ཚུ་ལུ་བརྟེན་ཏེ་མཚན་ཡང་ ལས་འཕྲོ་གླིང་པ་དང་རིགས་སྔགས་འཛིན་པའི་མཚན་ སྔགས་འཆང་ཧཱུཾ་ནག་མེ་འབར་ཟེར་དར་ཁྱབ་ཡར་སོ་ནུག།

དེ་གིས་མ་ཚད་འཇའ་ཚོན་སྙིང་པོ་མཆོག་གིས་ བང་རི་འཇོགས་པོའི་ལྟེ་བ་དགོན་པ་ཡང་གཞི་བཙུགས་ཞིནམ་ལས་ དད་ཅན་གྱི་རྙིང་མ་དང་བཀའ་བརྒྱུད་པའི་བླ་མ་ཚུ་ལུ་སློབ་སྟོན་མཛད་ནུག། ལྷག་པར་དུ་ རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་པ་ ཆོས་དབྱིངས་རྡོ་རྗེ།  ཚུར་པ་རྒྱལ་མཚན་བཞི་པ། དེ་ལས་གྲགས་པ་དུང་གྲུབ་དང་ འབྲི་གུང་ཆུང་གཙང་སྐུ་ཕྲེང་དང་པ་ཚུ་དང་གཞན་ཡང་ལེ་ཤ་ཅིག་ར་སྙིང་པོ་མཆོག་གི་སློབ་མ་སྦེ་སྡོད་ནུག།

དུས་རབས་བཅུ་བདུན་པའི་ནང་ལུ་སྙིང་པོ་མཆོག་གིས་གཏེར་འགོ་ཐོག་ར་སྦས་ཡུལ་པདྨ་བཀོད་ ཀྱི་ལམ་སྟོན་ཟེར་མི་དེ་བཞེས་ནུག། དེ་གིས་མ་ཚད་གནས་སྦས་ཡུལ་པདྨ་བཀོད་ཟེར་ས་ལུ་གཏེར་བཞེས་མི་འགོ་ཐོག་ར་སྙིང་པོ་མཆོག་ཨིན་ཟེར་བཤད་དེ་འདུག། གཡུས་དེ་ནང་ལུ་ནང་པའི་ཆོས་དར་བའི་ལུང་བསྟན་ཡོདཔ་མ་ཚད་ དེ་དང་འཁྲིལ་བའི་ལུང་བསྟན་དང་བཤད་པ་་ཚུ་ཡང་གཏེར་གྱི་པོ་ཏི་ནང་ལུ་བཀོད་དེ་འདུག། སྙིང་པོ་མཆོག་ཁོ་ར་གིས་བཞེས་མི་གཏེར་དེབ་དེ་གི་མཚན་ཡང་ པདྨ་བཀོད་སྦས་ཡུལ་གྱི་ལམ་སྟོན་ཟེར་བཏགས་ནུག། གཏེར་དེབ་དེ་ལུ་བརྟེན་ཏེ་ ཁོ་གིས་བོད་ཀྱི་གཡུས་པདྨ་བཀོད་ཟེར་མི་དེ་ སེམས་ཤོར་བའི་རང་བཞིན་ཅིག་བཟོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིནམ་པས། སྙིང་པོ་མཆོག་གིས་གཡུས་པདྨ་བཀོད་ ལུ་ གནས་སྐོར་ལུ་འགྱོ་བ་ཅིན་ ལོ་ངན་པ་ཚུ་ལས་བཀག་ཚུགས་ཟེར་བའི་ལུང་བསྟན་དང་ཐུགས་སྨོན་ཡང་གནང་བཞག་ནུག། གཏེར་དེབ་དེ་ཡང་ཁོ་རའི་གཏེར་གྱི་རྣམ་སྤྲུལ་གཙོ་བོའི་ནང་ལུ་ཚུད་དེ་ཡོད་མི་གཡུས་གསེར་གྱི་ལྷ་ཁང་ཟེར་ས་ལས་བཞེས་ཏེ་ཁ་མ་བཅད་པས། གཏེར་དེབ་དེ་ནང་ལུ་མ་འོངས་པའི་ལུང་བསྟན་ཚུ་བཤད་དེ་ཡོདཔ་མ་ཚད་ གཡུས་དེ་མ་འོངས་པའི་གཏེར་སྟོན་པ་དང་གནས་སྐོརཔ་ ལྷག་པར་དུ་སྡུག་སྦྱོང་ལས་ཐར་ནི་གི་དོན་ལུ་གལ་ཅན་གཅིག་ཨིནམ་སྦེ་བཀོད་དེ་འདུག། དེ་གིས་མ་ཚད་པར་དེབ་དེ་ནང་ལུ་སྙིང་པོ་མཆོག་གིས་དུས་རབས་ཉམས་ནི་སྐོར་ལས་དང་སྦས་ཡུལ་ཚུ་གི་འཛུལ་སྒོ་ག་དེ་སྦེ་འཚོལའཐོབ་ནི་ཨིན་ན་ ལ་སོགས་པ་ཚུ་གི་སྐོར་ལས་བཤད་དེ་འདུག།

དེ་་འབདཝ་ལས་སྦས་ཡུལ་བཅུ་དྲུག་ཡོད་མི་གི་གྲས་ལས་མི་ག་གིས་ གནས་རྩ་ཆེན་པདྨ་བཀོད་ཀྱི་སྐོར་ལས་ ཧ་གོ་ཚུགས་མི་དང་སེམས་ཀྱིས་དྲན་ཚུགས་མི་ཚུ་ རང་གི་རྒྱུད་ལུ་ཡོད་མི་ལས་སྒྲིབ་ཚུ་དག་འོང་ཟེར་ཨིན་པས། ལྷག་པར་དུ་གནས་དེ་ནང་ལུ་གོམ་ཐེངས་བདུན་སྤོཝ་རྩམ་ཅིག་གིས་ཚེ་ཤུལ་མར་གནས་དེ་ནང་ལུ་ར་སྐྱེ་བ་ལེན་ནི་ཨིན་ཟེར་སྙིང་པོ་མཆོག་གིས་བཞེས་མི་གཏེར་དེབ་དེ་ནང་ལུ་བཀོད་དེ་འདུག། སྤྱི་ལོ་ ༡༦༥༦ ལུ་དགུང་ལོ་བདུན་བཅུ་དོན་གཉིས་ལངསམ་ད་བཤགས་སོ་ནུག། ཨིན་རུང་སྙིང་པོ་མཆོག་གི་མཛད་བྱ་བཟང་པོ་ཚུ་དང་ ཆོས་ལུགས་ཚུ་རྙིང་མ་དང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཚུ་ནང་ལུ་རྒྱ་ཆེ་དྲགས་སྦེ་ ད་ལྟོ་གི་བར་ན་ཡང་ལག་ལེན་འཐབ་སྲོལ་འདུག།

རྒྱབ་རྟེན།

Retrieved from: https://treasuryoflives.org/biographies/view/Jatson-Nyingpo/11572