འབྲུག་ལུ་བརྡ་བརྒྱུད་རིམ་འགྱུར།

༉ འབྲུག་རྒྱལ་ཁབ་འདི་རྒྱ་ཚད་ཆུང་བའི་ཁར་ ཧེ་མའི་དུས་ལུ་ཡར་རྒྱས་ཀྱི་ ས་བོན་ས་ཁར་བཙུགས་བཙུགསཔ་ར་མེད་པར་ རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་ དཔལ་འབྱོར་གྱི་ཐོག་ལས་འབད་རུང་ ཧ་ཅང་གི་ཆུང་ཀུ་སྡོད་ནུག། འབྲུག་རྒྱལ་ཁབ་མུན་པ་གནག་དུང་དང་འདྲཝ་སྦེ་ཡོད་མི་དེ་ གོང་འཕེལ་གྱི་ལས་སྣ་ཚུ་ རིམ་གྱིས་འབག་འོང་སྟེ་ དཀར་པོའི་མདངས་དང་ལྡན་པའི་ འོད་ཤར་བའི་གོ་སྐབས་བྱུང་ནུག། སྤྱི་ལོ་ ༡༩༦༠ ལས་ འབྲུག་རྒྱལ་ཁབ་དེ་ཡང་ ཕྱིའི་རྒྱལ་ཁབ་གཞན་དང་འབྲེལ་བ་འཐབ་སྟེ་ མཐུན་འབྲེལ་གྱི་སྒོ་ཕྱེ་ནི་ཡང་ འགོ་བཙུགས་པའི་ཤུལ་ལུ་ ཉིན་བསྟར་བཞིན་ཡར་རྒྱས་ཀྱི་ གོམ་པ་བདུན་དུ་སྤོ་ནུག། ཡར་རྒྱས་གོང་འཕེལ་ལས་སྣ་གི་ སོན་བཙུགས་ནི་འགོ་བཙུགས་ཏེ་ མི་ལོ་ ༡༠ དེ་ཅིག་གི་ཤུལ་ལུ་ འབྲུག་ལུ་བརྡ་བརྒྱུད་ཀྱི་རིམ་ལུགས་སྣ་ཚོགས་ འབྲུག་རྒྱང་བསྒྲགས་ལས་འཛིན་ ཀུན་གསལ་གསར་ཤོག་དང་ གཞན་བརྡ་བརྒྱུད་དང་འབྲེལ་བའི་ གཞུང་འབྲེལ་ཡིག་ཚང་ཚུ་ཡང་ བཙུགས་ནི་འགོ་བཙུགས་ནུག། (Kinley Dorji, 1991, P3).
འབྲུག་ལུ་དགོ་འདོད་དང་བསྟུན་ དེང་སང་གི་བརྡ་བརྒྱུད་རིམ་ལུགས་འགོ་དང་པ་ར་ སྤྱི་ལོ་ ༡༩༦༧ ལུ་ ཀུན་གསལ་གསར་ཤོག་དེ་ ཟླ་ངོ་གཅིག་ནང་གཞུང་འབྲེལ་གྱི་དོན་ལུ་ ཚར་གཉིས་རེ་བཀྲམ་སྤེལ་འབད་སློལ་ཡོད་རུང་ ཤུལ་ལས་སྤྱི་ལོ་ ༡༩༨༦ ལས་འགོ་བཟུང་ འབྲུག་རྒྱལ་ཡོངས་གསར་ཤོག་སྦེ་ ངོས་འཛིན་འབད་དེ་ བདུན་རིམ་བཞིན་དུ་ ཚར་རེ་དཔེ་སྐྲུན་འབད་ནི་འགོ་བཙུགས་ནུག། སྤྱི་ལོ་ ༢༠༠༦ ཚུན་གྱི་བར་ན་ འབྲུག་རྒྱལ་ཁབ་ནང་ འབྲི་ལྷག་ཤེས་མི་ མི་ངོ་ཚུ་གི་དོན་ལུ་ གནས་ཚུལ་འཐོབ་ཡུལ་ ཤོག་གྲངས་ ༢༠ འབད་མི་གསར་ཤོག་ཀུན་གསལ་ གཅིག་རྐྱངམ་གཅིག་མ་གཏོགས་ གཞན་མ་སྡོད་པས། གསར་ཤོག་དེ་ཡང་ འབྲུག་པའི་རྒྱལ་ཡོངས་ཁ་སྐད་ རྫོང་ཁ་ དེ་ལས་གཞན་ཁ་སྐད་ ཨིང་སྐད་དང་ ལྷོ་མཚམས་ཚུ་ནང་ཡང་ གནས་ཚུལ་བསྡུ་ལེན་འབད་དེ་ དཔེ་སྐྲུན་འབད་སྲོལ་འདུག། (Kinley Dorji, 1991).
སྤྱོ་ལོ་ ༡༩༧༣ ལུ་ རྒྱལ་ཡོངས་ན་གཞོན་ཚོགས་པ་གིས་ འབྲུག་ལུ་བདུན་རིམ་རྒྱང་བསྒྲགས་ཀྱི་ རིམ་ལུགས་ཅིག་འགོ་བཙུགས་ནུག། དེའི་ཤུལ་ལས་རྒྱལ་ཁབ་ཀྱི་ དགོས་འདོད་དང་བསྟུན་ རྒྱང་བསྒྲགས་ལས་འཛིན་དེ་ དུས་རིམ་བཞིན་དུ་ གོང་འཕེལ་གྱི་འགྱུར་བ་འབག་འོང་སྟེ་ བརྒྱུད་འབྲེལ་ལྷན་ཁག་གི་དབང་ཆ་འབག་སྟེ་ ག་ཅི་དེ་སྟབས་བདེ་ཏོག་ཏོ་གི་ རིམ་ལུགས་ཅིག་སྦེ་བཟོ་བའི་ཤུལ་ལུ་ མིང་ཡང་འབྲུག་རྒྱང་བསྒྲགས་ལས་འཛིན་ཟེར་ བསྒྱུར་བཅོས་འབད་ནུག། སྤྱི་ལོ་ ༡༩༨༦ ལས་འགོ་བཟུང་ རྒྱང་བསྒྲགས་འཕྲུལ་ཁང་དེ་ ཡིད་ཆེས་བསྐྱེད་ཚུགས་པའི་ རྒྱལ་ཡོངས་རྒྱང་བསྒྲགས་ལས་འཛིན་ཅིག་ལུ་འགྱུར་ནི་ འགོ་བཙུགས་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ལུ་ཡང་ མི་མང་ཤོས་ཅིག་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ཨིན་མས། (Lily Wangchuk. 2017, P72).
ལྷག་པར་དུ་སྤྱི་ལོ་ ༢༠༠༠ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་ ༤༥ བཞེས་བའི་དུས་སྟོན་དང་འབྲེལ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཧེ་མ་བདུན་ཕྲག་གཅིག་ནང་ དུས་ཡུན་ཆུ་ཚོད་ ༤༢ རྒྱང་བསྒྲགས་འབད་སྲོལ་ཡོད་ས་ལས་ ཆུ་ཚོད་ ༦༠ ལུ་ཡར་སེང་འབད་དེ་ ཉིན་བསྟར་བཞིན་དུ་ ཁ་སྐད་བཞི་ རྫོང་ཁ་ ཨིང་སྐད་ ཚང་ལ་ལོ་དང་ ལྷོ་མཚམས་ཁ་སྐད་ལ་སོགས་པའི་ཐོག་ དུས་རིམ་བཞིན་དུ་ འབྲུག་རྒྱལ་ཁབ་རྫོང་ཁག་ཉི་ཤུ་གེ་རའི་ནང་ ཁྱབ་ཚུགསཔ་བཟོ་ནུག། རྒྱུ་མཚན་དེ་ལུ་བརྟེན་ཏེ་ འབྲུག་པའི་མི་སེར་གཅིག་ཡང་རྒྱབ་ཁར་མ་ལུས་པར་ ཁ་སྐད་མ་འདྲཝ་ཐོག་ལས་ རྒྱང་བསྒྲགས་རིམ་ལུགས་ཀྱི་ ཞབས་ཏོག་སྤྱོད་ནིའི་གོ་སྐབས་ཐོབ་ནུག། (Phuntsho Rabten, n.d, P176).
འབྲུག་རྒྱལ་ཁབ་བརྡ་བརྒྱུད་ཀྱི་རིམ་ལུགས་ རྙིང་ཤོས་ར་གློག་བརྙན་ཁང་ཚུ་ གཞི་བཙུགས་འབད་མི་དེ་ཨིནམ་སྦེ་ངོས་འཛིན་འབད་ཡོདཔ་མ་ཚད་ གློག་བརྙན་ཁང་འགོ་དང་པ་དེ་ཡང་ སྤྱི་ལོ་ ༡༩༦༠ ལོའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་སྦེ་ འགོ་བཙུགས་ནུག། དེ་ལས་ སྤྱི་ལོ་ ༡༩༦༢ ལུ་ ཕུན་ཚོགས་གླིང་ དེ་ལས་དགེ་ལེགས་ཕུག་དང་ཐིམ་ཕུག་ལུ་གཞི་བཙུགས་འབད་ནུག། དེ་བསྒང་རྒྱ་གར་གྱི་ གློག་བརྙན་ཚུ་ ཡོངས་གྲགས་སོང་སྟེ་ འབྲུག་པའི་གློག་བརྙན་ཁང་མ་འདྲཝ་ཚུ་ནང་ སྟོན་སྲོལ་ཡང་སྡོད་ནུག།
དུས་རིམ་བཞིན་དུ་འབྲུག་རྒྱལ་ཁབ་ནང་ ཡར་རྒྱས་དང་གོང་འཕེལ་འགྱོ་བའི་རྟགས་མཚན་ལུ་ བརྙན་འཁོར་དཔེ་མཛོད་ཚུ་ཡང་གཞི་བཙུགས་འབད་ནི་འགོ་བཙུགས་ཏེ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ནང་ འབྲུག་ལུ་དེ་བཟུམ་མའི་ ཞབས་ཏོག་སྤྲོད་མི་ ༡༦༠ དེ་ཅིག་སྡོད་པའི་ནང་ལས་ ༦༠ དེ་ཐིམ་ཕུག་ལུ་གཞི་བཙུགས་འབད་ཡོདཔ་ཨིན་མས། རྒྱལ་ཁབ་ནང་རྒྱང་མཐོང་ལས་རིམ་དང་ དངོས་མཐོང་གློག་བརྙན་ཚུ་ཡང་ འགོ་ཐོག་བརྒྱུད་འབྲེལ་གོང་འཕེལ་ལྟེ་བའི་ནང་ལས་ བཟོ་སྐྲུན་འབད་ནི་འགོ་བཙུགས་ནུག། ཤུལ་ལས་སྤྱི་ལོ་ ༡༩༨༨ ལུ་ སྒེར་གྱི་གློག་བརྙན་བཟོ་སྐྲུན་ཁང་ ཨེ་བཱི་ཚོང་སྡེ་གིས་ འབྲུག་ལུ་གློག་བརྙན་མགར་ས་བླ་མའི་སེང་གེ་ཟེར་མི་ འགོ་ཐོག་བཟོ་སྐྲུན་འབད་བའི་ཤུལ་ ད་རེས་ནངས་པའི་དུས་ལུ་ འབྲུག་གློག་བརྙན་ཚོགས་པ་ཟེར་ གནམ་མེད་ས་མེད་ཡོངས་གྲགས་སོང་ཡོདཔ་ཨིན།
(Phuntsho Rabten, n.d, P176).
འབྲུག་ལུ་སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱང་མཐོང་གི་རིམ་ལུགས་ཡང་འགོ་བཙུགས་ཏེ་ འབྲུག་པའི་བརྡ་བརྒྱུད་ཀྱི་རིམ་ལུགས་ནང་ འགྱུར་བ་སྦོམ་སྦེ་ར་འབག་འོང་ནུག། ཨིན་རུང་དེ་བསྒང་འབྲུག་མི་ལ་ལུ་ཅིག་ རྒྱ་གར་གྱི་རྒྱང་མཐོང་རིམ་ལུགས་ཚུ་གི་ ཞབས་ཏོག་སྤྱོད་སྡོད་ནི་དེ་གིས་ འབྲུག་ལུ་རྒྱང་མཐོང་དེ་གསརཔ་ཅིག་མེན་པས། དེ་ནང་འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་གི་ལས་རིམ་དུས་ཡུན་ཆུ་ཚོད་ ༡ དེ་ཅིག་ རྐྱངམ་གཅིག་སྡོད་ཡོད་རུང་ གཞན་རྒྱང་མཐོང་རྒྱུན་ཐག་ཞབས་ཏོག་ཡང་གཞི་བཙུགས་འབད་ཡོད་ནི་དེ་གིས་ དེ་ནང་ལས་གཞན་ལས་རིམ་ཚུ་ཡང་སྟོན་སྲོལ་ཡོད་ས་ལས་ ལ་ལུ་ཅིག་གི་རྒྱུན་ལམ་ ༤༠ ལྷགཔ་ཅིག་སྟོན་སྲོལ་འདུག། (Phuntsho Rabten, n.d, P176).
འབྲུག་ལུ་ཡོངས་འབྲེལ་གྱི་ཞབས་ཏོག་དེ་ སྤྱི་ལོ་ ༡༩༩༩ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ རྒྱང་མཐོང་གི་རིམ་ལུགས་འགོ་བཙུགས་པའི་སྐབས་གཞི་བཙུགས་འབད་ནུག། ཨིན་རུང་དེ་བསྒང་རིམ་ལུགས་ལག་ལེན་འཐབ་མི་ མང་ཤོས་ར་འབྲི་ལྷག་གི་ཡོན་ཏན་ཡོད་མི་དང་ ཡིག་ཚང་ནང་འགྱོ་མི་ དེ་ལས་ ཁྲོམ་ཁ་ལས་ཕར་སྡོད་མི་ཚུ་སྡོད་ཡོདཔ་ཨིན་མས། (Jichen Thinley, 2015). འབྲུག་ལུ་གློག་རིག་ཡོངས་འབྲེལ་གྱི་རིམ་ལུགས་ ཕྱི་སུ་ཅིག་སྦེ་གཞི་བཙུགས་འབད་ཡོད་རུང་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་དེ་ ག་ཅི་དེ་མགྱོགས་དྲགས་སྦེ་ ལྷོད་ཡོདཔ་ཨིན་མས། ད་རེས་ནངས་པའི་དུས་ལུ་ མི་མང་ཤོས་ཅིག་ར་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་མ་འདྲཝ་ཚུ་ ལག་ལེན་ཐོག་ཤེས་རིག་དང་ གཞན་བརྡ་དོན་སྤྲོད་ལེན་གྱི་རྒྱུན་ལམ་ཅིག་སྦེ་ཡང་ ལག་ལེན་འཐབ་དོ་ཡོད་པའི་ཁར་ གནམ་མེད་ས་མེད་ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན། (British Broadcasting Channel, 19th February, 2014).
སྤྱི་ལོ་ ༢༠༠༦ ལས་འགོ་བཟུང་ སྒེར་གྱི་དབང་བའི་ རྒྱང་བསྒྲགས་དང་གསར་ཤོག་ བྷུ་ཊན་ཊཡེམསི་ བྷུ་ཊན་ཨོབ་ཟ་བཱར་དང་ གཞན་དང་གཞན་ཡང་ སྐུ་གཟུགས་རྒྱང་བསྒྲགས་དང་ རེ་དྲེཝ་ཝེ་ལི་ ཡི་ག་རྒྱང་བསྒྲགས་ལ་སོགས་པ་ཚུ་ལེ་ཤ་ གཞི་བཙུགས་འབད་ནི་འགོ་བཙུགས་ནུག། ལྷག་པར་དུ་འབྲུག་ལུ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ བརྡ་བརྒྱུད་དང་འབྲེལ་བའི་གཞན་ སྒེར་གྱི་ཚོང་སྡེ་དང་ལས་སྡེ་ འབྲུག་གློག་བརྙན་ཚོགས་པ་ འབྲུག་བརྒྱུད་འཕྲིན་ཚད་འཛིན་ བཀྲིས་བརྒྱུད་ཕྲིན་ལས་སྡེ་ ས་སྨུག་དང་ གཞན་དང་གཞན་ཡང་ ལེ་ཤ་ཅིག་གཞི་བཙུགས་འབད་དེ་ཡོདཔ་ཨིན།

ཁུངས་གཏུག། ཞུན་དག།

  1. British Broadcasting Channel, (19th February, 2014). How Social Media Woke Up Bhutan, Asia, British Broadcasting Channel.
  2. Thinley, J. (2015). History of Internet in Bhutan, Bhutan Telecom Ltd.
  3. Dorji, K. (1991). The Media in Bhutan, Singapore. Asian Mass Communication Research & Information Centre.
  4. Wangchuk, L. (2017) Facts about Bhutan the Land of Thunder Dragon. KMT Publishers.
  5. Rabten, P. (n.d), Mass Media: Its Consumption and Impact on Residents of Thimphu and Rural Areas, Thimphu, Center for Bhutan Studies.
  6. Tshong, S. (1994), Continuing Evolution of the Broadcasting Media in Bhutan:
  7. The Case of Bhutan Broadcasting Service, Singapore, Nanyang Technological University.