འབྲུག་རྒྱལ་ཡོངས་དཔེ་མཛོད
འབྲུག་རྒྱལ་ཡོངས་དཔེ་མཛོད (National Library of Bhutan)
འབྲུག་རྒྱལ་ཡོངས་དཔེ་མཛོད་དང་ཡིག་རྙིང་གཉེར་འཇོག་ཁང་འདི་ བཀྲིས་ཆོས་རྫོང་དང་ ཀ་ཝང་གྱང་ས་ལུ་ཡོད་པའི་ བཟོ་རིག་བཅུ་གསུམ་སྤེལ་ཁང་གཉིས་ཀྱི་སྦུག་ལུ་ ག་ནི་བ་གཟི་བརྗིད་ཆེ་ཏོག་ཏོ་སྦེ་ ཕྱི་ཁའི་བཟོ་དབྱིབས་ལྷ་ཁང་གི་བཟོ་རྣམ་དང་ ནང་ན་ལུ་རྒྱལ་བའི་གསུང་རབ་ཆེན་མོ་དང་ འབྲུག་པའི་སྔར་སྲོལ་རིག་གཞུང་བཟང་པོའི་ ཕྱག་དཔེ་དང་དཔེ་དེབ་ཚུ་གི་ གང་སྟེ་ཡོདཔ་ཨིན།།
རྒྱལ་ཡོངས་དཔེ་མཛོད་འདི་ གཞི་བཙུགས་འབད་མི་དང་ ས་གནས་འདི་ཁར་སྤོ་བཤུད་མ་འབད་བའི་ཧེ་མ་ ག་སྟེ་ལུ་འབད་གཞི་བཙུགས་འབད་འབདཝ་ཨིན་ན? ཟེར་བའི་ཐུགས་ཀྱི་དོགས་པ་ བསལ་ཐབས་ལུ་ དེའི་ལོ་རྒྱུས་དུམ་གྲ་ཅིག་ཞུ་བ་ཅིན་ འདི་ཡང་ སྤྱི་ལོ་ ༡༩༦༧ ལོ་ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ སྤྱིར་རྒྱལ་བའི་གསུང་རབ་ཚུ་དང་ བྱེ་བྲག་ཏུ་ དཔལ་ལྡན་འབྲུག་པའི་སྔོན་བྱོན་རྒྱལ་བ་གོང་མ་ སྤྲུལ་པའི་བླམ་ཚུ་དང་ མཁས་པ་དགེ་བཤེས་ཚུ་གིས་ བརྩམས་བཞག་མི་སྔར་སྲོལ་རིག་གཞུང་བཟང་པོ་ཚུ་ འཕྲལ་ཕུག་ཡུན་བརྟན་བཞག་འཐབ་ལུ་དམིགས་ཏེ་ མི་ཉམས་གོང་འཕེལ་དང་ ཉམས་པ་གསོར་ཆུད་མཛད་དེ་ བཀའ་བསྟན་གྱིས་གཙོས་པའི་རིག་གཞུང་གི་ཕྱག་དཔེ་ དུམ་གྲ་ཅིག་མཁོ་བསྒྲུབས་མཛད་ཐོག་ལས་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་དབུ་རྩེའི་བར་ཐོག་ལུ་ གཞི་བཙུགས་མཛད་གནང་ནུག།
དཔེ་མཛོད་རྙིངམ་དེ་ནང་ལུ་ ཕྱག་དཔེ་ཚུ་ རིམ་པ་བཞིན་དུ་གོང་འཕེལ་འགྱོ་བའི་སྟབས་ཀྱིས་ ས་གནས་དེ་ནང་དཔེ་ཆ་ མ་ཤོང་པའི་དཀའ་ངལ་བྱུངམ་ལས་ དེ་སེལ་ཐབས་ལུ་དབུ་རྩེའི་བར་ཐོག་ལས་ གནས་སྐབས་ཅིག་གི་རིང་ལུ་ ལྕང་སྒང་ཁ་ལུ་སྤོ་བཤུད་འབད་ནུག སྤྱི་ལོ་ ༡༩༨༤ ལོ་ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་མཆོག་གིས་སྐྱབས་འཛིན་མཛད་དེ་ ཞིང་གཤེགས་སྐྱིད་སྡུག་བློན་པོའམ་ ནང་སྲིད་བློན་པོ་ གཏམ་ཞིང་རྒྱ་གར་མཆོག་གིས་འགོ་འདྲེན་མཛད་དེ་ ད་ལྟོ་མཐོང་ནི་ཡོད་པའི་ རང་ལུགས་ལྷ་ཁང་གི་བཀོད་རིས་དང་ལྡན་པའི་ དུས་གཏན་ཇག་གི་དཔེ་མཛོད་ཁང་ཐོག་ཚད་བཞི་དང་ལྡན་མི་འདི་ འདི་ཕྱི་ནང་མེད་པར་ ལེགས་ཤོམ་འབད་བསྒྲུབས་གནང་སྟེ་ ལྕང་སྒང་ཁ་ལས་འདི་ཁ་ལུ་ སྤོ་བཤུད་འབད་ནུག།
ད་ལྟོ་ ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ནང་ལུ་ ག་ཅི་རང་བཞུགས་ཏེ་ཡོདཔ་སྨོ་ཟེར་བ་ཅིན་ སྟེང་ཐོག་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་བླ་ཆེན་ཚུག་གིས་མཛད་པའི་ ཕྱག་དཔེ་ཚུ་དང་ སྡེ་དགེ་དང་ཨུར་དགའ། དེ་ལས་དར་ཐང་ལ་སོགས་པའི་ བཀའ་བསྟན་ཆ་ཚང་བཞུགས་ཏེ་ཡོདཔ་ཨིན། ཐོག་གཉིས་པའི་ནང་ལུ་ རྙིང་མའི་བླ་ཆེན་སོགས་ཀྱིས་མཛད་པའི་ རྙིང་མ་བརྒྱུད་འབུམ་གྱིས་གཙོས་པའི་ གཞུང་ཆེན་སོགས་དང་གཞན་ཡང་ གསུང་འབུམ་གྱི་རིགས་ཚུ་བཞུགས་ཏེ་ཡོདཔ་ཨིན། ཐོག་གསུམ་པའི་ནང་ལུ་ བོན་པོ་དང་ དགེ་ལུགས། ཞྭ་ལུ་དང་ས་སྐྱ། ཇོ་ནང་དང་བོ་གདོང་གི་བླ་ཆེན་སོགས་ཀྱིས་མཛད་པའི་ གཞུང་སོགས་དང་ལྷོའི་གཏེར་ལུགས་དང་ དེ་ལས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ ༡༦ པ་གིས་ཞལ་འདེབས་སུ་ཕུལ་བའི་ སྡེ་དགེ་བཀའ་འགྱུར་ཆ་ཚང་གཅིག་བཞུགས་ཡོདཔ་ཨིན། དེ་ལས་ཐོག་ཚད་དང་པའི་ནང་ལུ་ དབྱིན་སྐད་དང་འབྲེལ་བའི་ དཔེ་དེབ་ཀྱི་རིགས་དང་ མཻཀལ་ཧཝ་ལེ་ (Michel Hawley) གི་སྡེ་ཚན་ཚུ་གིས་བསྡུ་བསྒྲིགས་འབད་ཡོད་པའི་ པར་དེབ་འཛམ་གླིང་ནང་སྦོམ་ཤོས་གཅིག་ཨིན་མི་དང་ སྤུ་ན་ཁའི་རྫོང་གི་བཟོ་བཀོད་གཅིག་ཡང་ འགྲེམ་སྟོན་གྱི་ཚུལ་དུ་བཞག་སྟེ་ཡོདཔ་ཨིན།།
ང་བཅས་རའི་མི་དབང་འབྲུག་རྒྱལ་བཞི་པའི་ཐུགས་རིག་མཁས་པའི་བཀྲིན་ལས་དང་ མི་དབང་རྒྱལ་ཡུམ་ཨ་ཞེ་མཆོག་གི་ ཐུགས་སྨོན་ལས་བརྟེན་ འབྲུག་རྒྱལ་ཡོངས་དཔེ་མཛོད་འདི་ ས་གནས་འདི་ཁར་སྤོ་བཤུད་འབད་ཞིནམ་ལས་ཚུར་ དཔེ་མཛོད་ཀྱི་མཐུན་རྐྱེན་ཚུ་ གོང་འཕེལ་གནམ་མེད་ས་མེད་འགྱོ་སྟེ་ཡོདཔ་ཨིན།། ད་ལྟོ་དཔེ་མཛོད་སྒྲིང་ཁྱིམ་གཙོ་བོའི་གཡས་ཁ་ལུ་ཡོད་པའི་ ཡིག་རྙིང་གཉེར་འཇོང་ཁང་ངམ་ གཏན་མཛོད་ཁང་འདི་ སྤྱི་ལོ་ ༢༠༠༠ ལོ་ལུ་ ཌེན་མརྐ་རྒྱལ་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་མཛད་ཐོག་ལས་ རྒྱལ་ཡོངས་ནང་ དཀོན་དྲགས་ཅན་གྱི་རྒྱལ་བའི་གསུང་རབ་ཚུ་ ཉེན་སྲུང་གྱི་དོན་ལུ་དང་ མ་འོངས་རྒྱུན་སྐྱོངས་ཀྱི་དོན་ལུ་དམིགས་ཏེ་ སྤྱི་ལོ་ ༢༠༠༤ ལུ་ བསྒྲུབས་ཏེ་ཡོད་པའི་ སྒྲིང་ཁྱིམ་འདི་ནང་ལུ་མེ་རྐྱེན་གྱི་ཉེན་བརྡ་དང་ བསིལ་དྲོད་ཚན་མཉམ་བཟོ་ནིའི་ དེང་སང་གི་འཕྲུལ་ཆའི་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན། དེ་ལས་དཔེ་མཛོད་ཀྱི་གཡོན་ཁ་ཐུག་ལུ་ བདག་སྐྱོང་གི་སྒྲིང་ཁྱིམ་གསརཔ་འདི་ སྤྱི་ལོ་ ༢༠༠༥ ལོ་ལུ་ རྒྱ་གར་གཞུང་གིས་མ་དངུལ་གྱི་གྲོགས་ གནང་ཐོག་ལས་ལས་ སྤྱི་ལོ་ ༢༠༠༧ ལོ་མཇུག་བསྡུ་ཁམ་ལུ་ བསྒྲུབས་ཚར་སྟེ་ཡོདཔ་ཨིན།།
ང་བཅས་འབྲུག་རྒྱལ་ཡོངས་དཔེ་མཛོད་ཀྱི་དམིགས་དོན་གཙོ་བོ་རང་་་
- འབྲུག་པའི་སྔོན་དང་ཕུགས་ཀྱི་ ཆོས་ལུགས་དང་འབྲེལ་བའི་ རིག་གཞུང་དང་རྒྱལ་རབས་ཅན་གྱི་ཕྱག་དཔེ་ མཁོ་བསྒྲུབ་འབད་ནི་དང་ ལམ་ལུགས་སྲོལ་ཚུ་ མི་ཉམས་རྒྱུན་སྐྱོང་འཐབ་ནི།
- ཤེས་ཡོན་འཕྲོ་མཐུད་བལྟ་མི་ཚུ་དང་ ཞིབ་འཚོལ་པ་ཚུ་ལུ་ མཐུན་རྐྱེན་མཁོ་སྤྲོད་འབད་ནི།
- དཀོན་དྲགས་ཅན་གྱི་ཕྱག་དཔེ་རྙིངམ་ཚུ་དང་ པར་མ་དང་བྲིས་མའི་ཕྱག་དཔེ་ཚུ་ཉེན་སྲུང་དང་རྒྱུན་སྐྱོང་འཐབ་ནི།
- སྔར་སྲོལ་ཁ་རྒྱུན་ལས་བརྒྱུད་པའི་སྲུང་ཚུ་དང་ རིག་གཞུང་དང་འབྲེལ་བའི་ཡིག་ཆ་ཚུ་ ཞིབ་འཚོལ་འབད་དེ་ཐོ་བཀོད་བརྐྱབ་ནི།
- སྔར་སྲོལ་རིག་གཞུང་གི་ཕྱག་དཔེ་དང་ བརྗོད་དོན་མཚུངས་པའི་ཕྱག་དཔེ་ཚུ་པར་སྐྲུན་འབད་ནི་དང་ གོང་འཕེལ་གཏང་ནི་ཚུ་ཨིན།།
འབྲེལ་མཐུད
ཞུན་དག้่ว่่นา้ส่