འབྲུག་རྒྱལ་ཡོངས་ཀྱི་ཤིང་།

ཙནྡན་ཤིང་འདི་འབྲུག་གི་རྒྱལ་ཡོངས་ཀྱི་ཤིང་ཨིན། ཤིང་འདི་ལུ་གཞན་ཡང་ འབྲུག་གི་ཙནྡན་ཤིང་ཡང་ན་ ཧི་མཱ་ལ་ཡ་གི་ཙནྡན་ཤིང་ཟེར་ཡང་སླབ་སྲོལ་ཡོད་། འབྲུག་རྒྱལ་ཁབ་ལུ་སྔོན་དང་ཕུ་ བོད་མི་ཚུ་གིས་ ལྷོ་མོན་ཙནྡན་ལྗོངས་ཟེར་སླབ་སྲོལ་ཡོདཔ་ཨིན། འབྲུག་མི་ཚུ་གིས་ ཙནྡན་ཤིང་འདི་བྱིན་ཅན་ཅིག་སྦེ་བརྩི་འཇོག་འབདཝ་ལས་ གུས་བཀུར་གྱི་ཐོག་ལས་ ལག་ལེན་འཐབ་ཨིན། འབྲུག་ལུ་ཡོད་པའི་ཙནྡན་ཤིང་མང་ཤོས་ར་ གཏམ་རྒྱུད་དང་འབྲེལ་བ་ཡོད་མི་ཙང་ཙ་ར་ཨིནམ་ལས་ འདི་ཚུའི་ལོ་རྒྱུས་ལེ་ཤ་བཤད་ནི་ཡོད། ཤིང་འདི་རྒྱལ་ཡོངས་ཀྱི་ཤིང་ཨིན་པའི་གུར་ གཞན་ཡང་ལོ་རྒྱུས་དང་འདྲེས་བའི་ཡིད་ཆེས་བསྐྱེད་སའི་ཡུལ་ངོ་མ་ཅིག་ལུ་གྱུར་ཡོདཔ་ཨིན། འབྲུག་ལུ་ཡོངས་གྲགས་ཅན་གྱི་ཙནྡན་ཤིང་གསུམ་ཡོད་ས་ལས་ གཅིག་དབང་འདུས་ཕོ་བྲང་སྦས་ཡུལ་གླང་བྲག་ལུ་ཡོདཔ་དང་ གཅིག་ཐིམ་ཕུག་སྤང་རི་ཟམ་པ་ལུ་ཡོདཔ་ཨིན། དེ་བཟུམ་སྦེ་ གཅིག་འདི་བུམ་ཐང་སྐུར་རྗེས་ལུ་ཡོདཔ་ཨིན། ལོ་རྒྱུས་དང་འཁྲིལ་བ་ཅིན་ ཤིང་ཆེན་འདི་ཚུ་ག་ར་ དུས་རབས་ ༨ པའི་ནང་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་དང་ སྤྱི་ལོ་ ༡༦༡༦ ལོར་ དཔལ་འབྲུག་པ་རིན་པོ་ཆེ་སྐྱབས་མགོན་ངག་དབང་རྣམ་རྒྱལ་རྣམ་གཉིས་ འབྲུག་ལུ་འབྱོན་པའི་སྐབས་ ཕྱག་འཁར་སྦེ་བསྣམས་བྱོན་པའི་འཁརཝ་ལས་ ཞལ་ལག་རྒྱས་ཏེ་སྐྱེས་ཡོདཔ་སྦེ་བཤད་སྲོལ་འདུག།
ཤིང་འདི་སའི་ཆགས་ཚུལ་རྩུབ་དྲགས་དང་རང་རོང་ཚུ་ནང་ སྒྲིང་སྒྲི་དང་ཕྲང་ཏང་ཏ་སྦེ་སྐྱེས་མི་འདི་ མཉམ་ཆུང་དང་དྲང་བདེན་ དེ་ལས་སྙིང་སྟོབས་ཅན་གྱི་ཚུལ་སྟོན་པའི་དོན་ཨིན་པས། ཙནྡན་ཤིང་འདི་མང་ཤོས་ར་ས་ཆའི་མཛེས་རྒྱན་དང་ལྷག་པར་དུ་ དྲི་ཞིམ་པའི་བསང་གཏང་ནི་ལུ་དམིགས་ཏེ་ རྫོང་གཞི་དང་ལྷ་ཁང་ དེ་ལས་བྱིན་རླབས་ཅན་གྱི་ས་གནས་ཚུ་ནང་བཙུགས་སྲོལ་ཡོད། ཙནྡན་ཤིང་འདི་ཚུ་ ཧི་མཱ་ལ་ཡའི་ལུང་གཤོང་ནང་མཐོ་ཚད་མི་ཀྲར་ ༡༨༠༠-༣༥༠༠ གི་བར་ན་སྐྱེཝ་མ་ཚད་ ཤིང་འདི་ལུ་ ཉི་དྲོད་འབོར་ཆེ་ཏོག་ཏོ་སྦེ་དགོཔ་ཨིན། གཞན་ཡང་ཚ་དྲོད་དང་ཆར་ཆུ་ལྡན་པའི་ནགས་ཚལ་ཚུ་ནང་ཡང་སྐྱེས་བཏུབ་ཨིན།
ཙནྡན་ཤིང་འདི་བྱཱར་ཧོན་དགུན་ཧོན་གྱི་ཤིང་ཅིག་ཨིནམ་མ་ཚད་ མཐོ་ཤོས་ར་མི་ཊར་ ༤༥ གི་རྩིས་རིངམོ་འགྱོཝ་མ་ཚད་ ཤིང་སྡོང་གི་རྒྱ་སྐྱེད་སྦོམ་ཚད་ སེན་ཊི་མི་ཊར་ ༩༠ དེམ་ཅིག་ལུ་རྒྱསཔ་ཨིན། ཤིང་གྱི་རྩེ་མོའི་དབྱིབས་ཡང་ ཀོང་དབྱིབས་ཅན་སྦེ་འོང་དོ་ཡོདཔ་ཨིན། ཤིང་འདི་གི་པགས་ཀོ་གི་ཚོས་གཞི་རྒྱ་སྨུག་སྦེ་ཡོད་པའི་ཁར་ སྲ་ཀྲག་འབད་ཞིན་ན་་ཐུར་ཐིག་གི་རྣམ་པ་སྦེ་བཤུབ་འགྱོཝ་ཨིན། ཤིང་འདི་གི་ཞལ་ལག་ཚུ་མང་ཤོས་ར་ ཕྱ་སི་སི་དང་ཆུང་ཀུ་སྦེ་ཡོད་པའི་གུར་ རྟས་ལྕག་གི་སྤྱི་ཏོག་བཟུམ་འོངམ་ཨིན། ཙནྡན་ཤིང་གི་ཀོང་ཙེ་རྡོག་མ་ཚུ་ སྤྱི་ཟླ་ ༢-༣ པའི་བར་ན་ཐོན་ཞིནམ་ལས་ སྤྱི་ཟླ་ ༥-༦ བར་ན་ སོན་ཚུ་ཚོཔ་ཨིན། ཙནྡན་གྱི་ཤིང་ཞྭའདི་ཁ་དོག་སྐྱ་སེར་སྦེ་ཡོད་པའི་ཁར་ས་ཀྲག་ཀྲ་དང་ཚེ་ཅན་ཅིག་ཨིན། ཙནྡན་ཤིང་གི་ཤིང་ཆས་ཚུ་ དྲིམ་ཞིམ་ཏོང་ཏོ་སྦེ་ཡོད་པའི་ཁར་ ཁྲ་རིས་ཕྲང་ཏང་ཏ་ཡོད་སྦེ་ཡོདཔ་ཨིན། ཤིང་འདི་གི་ར་ཏོ་ལས་བཏོན་པའི་ སྣུམ་འདི་གིས་སྨན་བཟོ་སྐྲུན་འབད་ཞིནམ་ལས་ རྨ་གཉན་རྒྱས་མི་དང་རྨ་ཚུ་སྨན་བཅོས་འབད་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོདཔ་ཨིན།
(UWICER, 2018)

ཁུངས་གཏུག།

ཞུན་དག
  1. UWICER. (2018). Historically Significant Trees of Bhutan. Ugyen Wangchuck Institute for Conservation and Environmental Research. Retrieved from http://www.uwice.gov.bt/admin_uwice/publications/publication_files/Reports/2018/Historically_Significant_Tree.pdf