འབྲུག་རྒྱང་བསྒྲགས་ལས་འཛིན

འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་སྐོར།

རྒྱལ་པོའི་བཀའ་ཤོག

རང་ལོ་ཆུ་ཕོ་སྤྲལ་ལོ་ ཟླ་བ་ ༧ པའི་ཉེར་ ༡ གནམ་ལོ་ ༡༩༩༢ དབྱིན་ཟླ་ ༩ པའི་དབྱིན་ཚེས་ ༡༨ ལུ་མི་དབང་འབྲུག་རྒྱལ་ བཞི་པ་མཆོག་གིས་ འབྲུག་རྒྱང་བསྒྲགས་ལས་ཁུངས་དེ་ རང་དབང་གི་ཐོག་ལས་ཡར་དྲག་འགྱོ་ནི་དང་ འདི་དང་འབྲེལ་བའི་ ལཱ་གི་རིག་རྩལ་ཚུ་མཁས་ཆོད་ཅན་ལུ་འགྱུར་ཞིནམ་ལས་ མི་སྡེ་ལུ་མཁོ་བའི་འགན་ཁ་ འབག་ཚུགས་ནི་གི་དོན་ལུ་ བརྒྱུད་འབྲེལ་ ལྷན་ཁག་ལས་ཁ་ཕྱེ་སྟི་ རང་སྐྱོང་ལས་འཛིན་སྦེ་བཟོ་གནང་ཡོདཔ་ཨིན།

བཀའ་ཤོག་དེ་དང་བསྟུན་ཏི་ གནམ་ལོ་ ༡༩༩༢ དབྱིན་ཟླ་ ༡༠ པའི་དབྱིན་ཚེས་ ༡ ལས་འགོ་བཟུང་ འབྲུག་རྒྱང་བསྒྲགས་རང་ སྐྱོང་ལས་འཛིན་སྦེ་བཟོ་ཞིནམ་ལས་ གཞུང་དང་བརྡ་བརྒྱུད་ དེ་ལས་མཁས་མཆོག་དང་གུས་བསྟུད་ཀྱི་འོས་འབབ་ ལྡན་པའི་ མི་སེར་ཚུ་གིས་བཟོ་ཡོད་པའི་ མདོ་ཆེན་གྱི་བཀོད་ཚོགས་ཀྱི་ཐོག་ལས་གཞུང་སྐྱོང་འབད་དེ་ཡོདཔ་ཨིན། འབྲུག་ལུ་རེ་ཌེའོ་གི་ཞབས་ཏོག

འབྲུག་ལུ་རེ་ཌེའོ་གི་ཞབས་ཏོག་འདི་ ཧེ་མ་རང་གནམ་ལོ་ ༡༩༧༣ གྱི་ལོ་ལུ་ ཁས་བླང་ཅན་གྱི་ན་གཞོན་སྡེ་ཚན་གཅིག་གིས་ འབྲུག་རྒྱལ་ཡོངས་ན་གཞོན་ཚོགས་སྡེ་ ༼National Youth Association of Bhutan༽ ཟེར་ བཟོ་སྟི་འགོ་བཙུགས་ནུག

ཞབས་ཏོག་དེ་ཡང་བདུན་ཕྲག་རེ་ནང་གཟའ་ཟླཝ་ལུ་ དུས་ཡུན་སྐར་མ་ ༣༠ གི་རིང་ལུ་འབྲུག་རྒྱལ་ཡོངས་ན་གཞོན་ཚོགས་སྡེ་གི་ ཡིག་ཚང་འདི་ རེ་ཌེའོ་རྒྱང་སྒྲགས་འབད་ནི་གི་འཕྲུལ་ཁང་ལུ་བསྒྱུར་བཅོས་འབད་དེ་ རྒྱང་སྒྲགས་འབད་སྡོད་ཡོདཔ་ཨིན་པས།

རྒྱང་བསྒྲགས་ཀྱི་འཕྲུལ་ཆས་དེ་ ཝཊྲ ༤༠༠ འབད་མི་ཅིག་ལྕགས་འཕྲིན་ཡིག་ཚང་ལས་གླ་ཁར་ལན་ཏི་ལག་ལེན་འཐབ་སྟི་ འཕྲུལ་ཁང་གི་མིང་ཡང་འབྲུག་རྒྱལ་ཡོངས་ན་གཞོན་ཚོགས་སྡེ་གི་རེ་ཌེའོ་ཟེར་བཏགས་ནུག

གནམ་ལོ་ ༡༩༧༩ ལུ་འདི་བཟུམ་གྱི་ཞབས་ཏོག་ཚུ་ བརྒྱུད་འབྲེལ་གོང་འཕེལ་བཏང་ནི་ལུ་ཁས་ཕན་ཡོདཔ་འབྲུག་གཞུང་གིས་ མཁྱེན་ཏི་ བརྒྱུད་འབྲེལ་ལྷན་ཁག་གི་འོག་ལུ་བཟོ་གནང་ནུག

གནམ་ལོ་ ༡༩༨༩ ལུ་རྒྱང་བསྒྲགས་ཀྱི་འཕྲུལ་ཨམ་ ཤོཊྲ་ཝེཕ་ཀི་ལོ་ཝཊྲ་ ༡༠ འབད་མི་གཅིག་ཉོ་བསྒྲུབས་འབད་དེ་ འཕྲུལ་ཁང་ ཆུང་ཀུ་ཅིག་གཞི་བཙུགས་འབད་ཞིནམ་ལས་ མིང་ཡང་འབྲུག་རྒྱང་བསྒྲགས་འཕྲུལ་ཁང་ཟེར་བཏགས་ཏི་ ཉིམ་རེ་ནང་དུས་ཡུན་ ཆུ་ཚོད་ ༣ རེ་ ལས་རིམ་ཚུ་རྒྱང་བསྒྲགས་འབད་ནི་འགོ་བཙུགས་ནུག

གནམ་ལོ་ ༡༩༩༡ གི་ལོ་ལས་ འབྲུག་རྒྱང་བསྒྲགས་འཕྲུལ་ཁང་གི་ས་གོ་གཏན་ཁལ་སྦེ་ ཐིམ་ཕུག་ཆུ་འབར་ཆུ་ལུ་ཐོབ་ཏི་ འཕྲུལ་ཨམ་ ཤོཊྲ་ཝེཕ་ཀི་ལོ་ཝཊྲ་ ༥༠ ལུ་ཡར་སེང་འབད་ནུག

གནམ་ལོ་ ༢༠༠༠ ལས་རྒྱང་བསྒྲགས་ལས་འཛིན་གྱིས་ རྡོ་སྐྱུར་ལ་ལུ་ཨེཕ་ཨེམ་ རེ་ཌེའོ་༼FM Radio༽གི་ འཕྲུལ་ཨམ་གཅིག་སྒོ་འབྱེད་འབད་ཡོད་མི་གིས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ཐོབ་ཚུགསཔ་བཟོ་ ཡོད་པའི་ཁར་ ཏག་ཏི་ལུ་རི་ལེ་ ༼Relay station༽ གི་ཨམ་གཅིག་གཞི་བཙུགས་འབད་མི་འདི་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ཐོབ་ཚུགསཔ་ བཟོ་ཡོདཔ་མ་ཚད་གནམ་ལོ་ ༢༠༠༡ ལས་དབུས་ཕྱོགས་རྫོང་ཁག་ཚུ་དང་ གནམ་ལོ་ ༢༠༠༥ ལས་ཤར་ཕྱོགས་རྫོང་ཁག་ ཚུ་ནང་བརྒྱ་སྐྱེད་འབད་དེ་ཡོདཔ་ཨིན།

གནམ་ལོ་ ༢༠༠༧ ལས་ ཤོཊྲ་ཝེཕ་ཨམ་ཀི་ལོ་ཝཊྲ་ ༡༠༠ འབད་མི་ཌི་ཇི་ཊལ་རེ་ཌེའོ་མོན་ཌེལ་༼Digital Radio Mondale – DRM༽ ཟེར་མི་གི་མཐུན་རྐྱེན་དང་བཅསཔ་སྦེ་ཡོད་མི་ལུ་བརྒྱ་སྐྱེད་འབད་དེ་ ཡོདཔ་ཨིན།

འདི་བཟུམ་གྱི་འཕྲུལ་ཆས་བརྒྱ་སྐྱེད་འབད་ཡོད་མི་འདི་གིས་ འབྲུག་མི་ཡོངས་ཀྱིས་ སྤུད་ཚད་དང་ལྡན་པའི་ལས་རིམ་ཚུ་ ཤོཊྲ་ཝེཕ་གི་ཐོག་ལས་སྙན་གསན་ཚུགས་ནི་ཨིནམ་མ་ཚད་ ལྷག་པར་དུ་འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ ལས་རིམ་ཚུ་ འཛམ་གླིང་ཡོངས་ན་དངས་འཕྲོད་འཕྲོད་ ཨེཕ་ཨེམ་༼FM༽དང་དྲཝ་སྦེ་གསན་ཚུགསཔ་བཟོ་ནི་གི་དོན་ལུ་ ཨེ་ཨེམ་ ༼AM༽ དང་ཌི་ཨར་ཨེམ་༼DRM༽ གཉིས་བསྡམ་ཁ་བརྐྱབ་ནི་གི་གོ་སྐབས་ཡང་ཡོདཔ་ཨིན།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ སྐད་རིགས་མ་འདྲཝ་ རྫོང་ཁ། ཤར་ཕྱོགསཔ། ལྷོ་མཚམས་ཁ་དང་། དབྱིན་སྐད་ཀྱི་ཐོག་ལས་ དྲོ་པ་ཆུ་ཚོད་ ༦ ལས་ཕྱི་རུ་ཆུ་ཚོད་ ༩ ཚུན་རྒྱང་བསྒྲགས་ཀྱི་ལས་རིམ་ཚུ་བཏང་སྟི་ཡོདཔ་ཨིན།། འབྲུག་ལུ་རྒྱང་མཐོང་ལས་རིམ།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ རྒྱལ་ཁབ་ནང་ རྒྱང་མཐོང་གི་ལས་རིམ་འགོ་དང་པ་ གནམ་ལོ་ ༡༩༩༩ དབྱིན་ཟླ་ ༦ པའི་དབྱིན་ཚེས་ ༢ ལུ་ འབྲུག་རྒྱལ་བཞི་པ་གསེར་ཁྲི་ལུ་བྱོན་ཏི་ མི་ལོ་ ༢༥ འཁོར་བའི་དུས་སྟོན་རྩི་སྲུང་དང་འབྲེལ་ཏི་ རྫོང་ཁ་དང་དབྱིན་སྐད་གཉིས་ཀྱི་ཐོག་ལས་ ཐིམ་ཕུག་ནང་འཁོད་ནང་ ཉིན་བསྟར་བཞིན་དུ་དུས་ཡུན་ཆུ་ཚོད་༡ གི་རིང་རྒྱང་བསྒྲགས་འབད་ནི་འགོ་བཙུགས་ནུག

དེ་ལས་གནམ་ལོ་ ༢༠༠༤ ལུ་ཕུན་ཚོགས་གླིང་དང་ ༢༠༠༥ ལུ་སྤ་རོ་ལུ་ རྒྱང་མཐོང་གི་ལས་རིམ་ཚུ་འཐད་ཀར་དུ་གཟིགས་ ཚུགསཔ་སྦེ་བཟོ་ཡོད་པའི་ཁར་ གནམ་ལོ་ ༢༠༠༦ དབྱིན་ཟླ་ ༢ པ་ལས་འགོ་བཙུགས་ཏི་འབྲུག་རྒྱལ་ཁབ་མཐའ་དབུས་ མེད་པར་ རྒྱང་མཐོང་གི་ལས་རིམ་ཚུ་གནམ་སྟོང་འཕྲུལ་ཆས་ སེ་ཊ་ལཱེཊྲ་(satellite) གི་ཐོག་ལས་ཐོབ་ཚུགསཔ་སྦེ་ བཟོ་ ཡོདཔ་མ་ཚད་ ཤར་ལྷོ་ཨེ་ཤི་ཡ་ལུ་ཡོད་མི་གི་རྒྱལ་ཁབ་ ཨིན་དོ་ནེ་ཤི་ཡ་ལས་ ནུབ་ཕྱོགས་ལུ་ ཀྲར་ཀི་(Turkey) གི་རྒྱལ་ཁབ་གཉིས་ཀྱིས་བརྩི་སྟི་ རྒྱལ་ཁབ་ ༤༠ དེ་ཅིག་ལུ་ རྒྱང་བསྒྲགས་འབད་དེ་ཡོདཔ་ཨིན།

འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཉིན་བསྟར་བཞིན་དུ་ཕྱི་རུ་ཆུ་ཚོད་༦་ལས་ ༡༡ ཚུན་ ཆུ་ཚོད་ ༥ གི་རིང་ལུ་ ལས་རིམ་ཁག་མ་འདྲཝ་ཚུ་བཏང་དོ་ཡོདཔ་ཨིན། ལས་རིམ་དེ་ཡང་ ཕྱི་རུ་ཆུ་ཚོད་ ༦ ལས་ ༨ དང་ ༩ ལས་ ༡༠ ཚུན་ ཆུ་ཚོད་རེ་བཞིན་དུ་ དུས་ཡུན་སྐར་མ་ ༣༠ གི་རིང་ལུ་ གནས་ཚུལ་དང་ཁྱབ་བསྒྲགས་ཚུ་རྒྱང་བསྒྲགས་འབད་དོ་ཡོདཔ་ཨིན།

འདི་བཟུམ་སྦེ་ དབྱིན་སྐད་ཀྱི་གནས་ཚུལ་དང་ཁྱབ་བསྒྲགས་ཚུ་ཕྱི་རུ་ཆུ་ཚོད་ ༨ ལས་ ༩ དང་༡༠་ལས་ ༡༡ ཚུན་རྒྱང་བསྒྲགས་ འབད་དོ་ཡོདཔ་ཨིན།

དེ་ལས་ ནངས་པ་དྲོ་པ་ཆུ་ཚོད་༦ ལས་༡༡ ཚུན་ ཡང་བསྐྱར་དུ་ལས་རིམ་ཚུ་ལོག་རྒྱང་བསྒྲགས་འབདཝ་མ་ཚད་གཟའ་ཉིམ་དང་ ཟླཝ་ལུ་ཆུ་ཚོད་ ༣ ཐེབས་སྦེ་ ཉི་མ་ཆུ་ཚོད་ ༣ ལས་ཕྱི་རུ་ཆུ་ཚོད་ ༦ ཚུན་ཚད་ སྤྲོ་སྟོན་གྱི་ལས་རིམ་ གླུ་གཞས་དང་ གློག་བརྙེན་ཚུ་རྒྱང་བསྒྲགས་འབད་དེ་ཡོདཔ་ཨིན།།

འབྲེལ་མཐུད།

ཞུན་དག