འབྲུག་དབང་འདུས་རྩེ་ལྷ་ཁང་

འབྲུག་དབང་འདུས་རྩེ་ལྷ་ཁང་ en:Druk Wangditse Lhakhang འདི་ ཐིམ་ཕུག་གི་ལུང་གཤོང་ག་ར་མཐོང་ཚུགས་པའི་ས་གནས་ ནགས་ཚལ་གྱིས་གང་བའི་སྤོ་ཏོ་ཅིག་གུར་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ སྤྱི་ལོ་ ༡༧༡༥ ལུ་འབྲུག་གི་སྡེ་སྲིད་ཁྲི་རབས་བརྒྱད་པ་ འབྲུག་རབ་རྒྱས་ཀྱི་གདན་ས་བཏབ་གནང་ནུག། འབྲུག་དབངའདུས་རྩེ་ལྷ་ཁང་འདི་ ཐིམ་ཕུག་ལུ་ལྷ་ཁང་རྙིང་ཤོས་ཅིག་ཨིནམ་མ་ཚད་ འབྲུག་རྒྱལ་ཁབ་ཀྱི་གནས་རྩ་ཆེ་ཏོག་ཏོ་ཅིག་སྦེ་ཡང་ཆ་བཞགཔ་ཨིན། ལྷ་ཁང་འདི་ ཐིམ་ཕུག་སངས་རྒྱས་སྒང་ལས་རྐང་ཐང་སྦེ་ དུས་ཡུན་སྐར་མ་བཞི་བཅུ་དེ་ཅིག་གི་ས་ཁར་ཆགས་ཡོདཔ་ལས་ ག་ར་གིས་མཛར་ཅུམ་ཟ་སའི་ས་གོ་དང་ ལྟ་སྐོར་པ་ཚུ་གིས་དགའ་བའི་ས་ཆ་ཅིག་ཡང་ཨིན། སྤྱི་ལོ་ ༢༠༡༡ ལུ་ ཧི་མ་ལ་ཡའི་ས་ཡོམ་གྱིས་ ལྷ་ཁང་ངོ་མ་འདི་ལུ་ གནོད་རྐྱེན་སྦོམ་སྦེ་ར་བྱུང་ཡོད་རུང་ སྤྱི་ལོ་ ༡༧༨༣ ལུ་འོངས་མི་ ས༌མུལ༌ཌེ་ཝིསི་གིས་བྲིས༌ཡོད་མི་ ཧེ་མའིལྷ་ཁང་གི་རི་མོ་དང་ གནའ་ཤུལ་བརྟག་ཞིབ་ཀྱི་ཞིབ་རྟོག་ཚུ་ ལམ་སྟོན་སྦེ་ལག་ལེག་ལེན་འཐབ་སྟེ་ ལོག་བཞེངས་གནང་ནུག། ལྷ་ཁང་གསརཔ་འདི་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡ པའི་སྤྱི་ཚེས་ ༢༤ ལས་ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༥ ཚུན་ གཞུང་གྲྭ་ཚང་གི་ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་མཆོག་གིས་རབ་གནས་མཛད་གནང་ཡོདཔ་ཨིན། []

'འབྲུག་དབང་འདུས་རྩེ་ལྷ་ཁང་

ལོག་སྟེ་གསར་བཞེངས་འབད་ཡོད་པའི་ལྷ་ཁང་འདི་ནང་ ད་ལྟོ་ཡང་ ཧེ་མའི་སྐུ་འདྲ་ རྒྱུ་ཟངས་ལས་བསྒྲུབས་པའི་སྟོན་པ་ཤཀྱཱ་མུ་ཎི་གསེར་སྒྲོནམ་དང་། གཡས་གཡོན་ལུ་ བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་བཞུགས་ཏེ་ཡོདཔ་དང་ ཟུར་གཉིས་ཀྱི་གྱང་རེ་རེ་ལུ་ མཆོད་རྟེན་བཞི་བཞི་སྦེ་ བདེ་གཤེགས་མཆོད་རྟེན་བརྒྱད་ཡང་ཡོདཔ་ཨིན། ལྷ་ཁང་ཐོག་གཉིས་པའི་ནང་ ཆོས་སྲུང་དཀྱིལ་འཁོར་གྱི་ལྡེབས་རིས་ རྟ་མགྲིན་དང་རྡོ་རྗེ་ཕུར་པ། གཞན་ཡང་ རྒྱ་གར་གྱི་གྲུབ་ཐོབ་དང་ འབྲུག་པ་བཀའ་བརྒྱུད་ཀྱི་བླམ་རིམ་བྱོན་ཚུ་གི་ལྡེབས་རིས་ཚུ་ཡོདཔ་ཨིན། རྒྱབ་ཁ་ཐུག་ལུ་ དཔལ་ཡེ་ཤེས་དགོན་པོའི་ཆོས་སྲུང་ལྷ་ཁང་གཅིག་ཡང་ཡོདཔ་ཨིན། ལྷ་ཁང་དེ་ནང་ དཔལ་ལྡན་ལྷ་མོ་བདུད་གསོལ་མ་དང་ཚེ་རིང་མའི་སྐུ་འདྲ། གཞན་ཡང་རྫོང་ཁག་ ༢༠ གི་གནས་བདག་ཚུ་གི་སྐུ་འདྲ་ཚུ་ཡོདཔ་ཨིན།

ཁུངས་གཏུག་

ཞུན་དག
  1. [༡] Druk Wangditse Lhakhang dedicated to His Majesty". TheBhutanese. 2020-02-08. Retrieved 2021-10-31.