འབྲུག་གི་ཆོས་རྒྱལ་དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ཞབས་བརྟན།

༄༅། །འབྲུག་གི་ཆོས་རྒྱལ་༧ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་བརྟན་བཞུགས།།

མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག།

༄༅། །ཨོཾ་སྭསྟི། ངོ་བོ་ཀ་དག་ཆོས་སྐུ་འོད་དཔག་མེད། །རང་བཞིན་ལྷུན་གྲུབ་ལོངས་སྐུ་སྤྱན་རས་གཟིགས། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་པདྨ་འབྱུང།། སྐུ་གསུམ་རྒྱལ་བས་དེང་འདིར་ཤིས་པ་སྩོལ། །ཤམྦྷ་ལ་རུ་རིགས་ལྡན་པད་དཀར་འཛིན། །ཁ་བ་ཅན་དུ་སྲོང་བཙན་སྒམ་པོའི་ཞབས། །ཞིང་འདིར་དཔལ་ལྡན་འབྲུག་པ་བདུད་འཇོམས་རྗེ། །སྙིང་ནས་དྲན་ནོ་བྱང་ཆུབ་བར་དུ་སྐྱོངས། །གང་གི་གསང་གསུམ་སྒྱུ་འཕྲུལ་བསམ་ཡས་ཀྱང་། །ལྗོངས་འདིའི་འགྲོ་ལ་རྗེས་སུ་ཆགས་པའི་དཔྱིད། །སླར་ཡང་འོ་མའི་གྲོང་གི་ཤར་རིའི་རྩེར།། གཟུགས་སྐུའི་ཉིན་བྱེད་འཆར་འདི་ཨེ་མ་ཧོ། །དེས་ན་འཇིགས་མེད་བརྟུལ་ཞུགས་རབ་འཆང་ཞིང་། །མི་ཡི་སེངྒེའི་རྣམ་རོལ་ས་ཡི་ལྷ། །དབང་ཕྱུག་ཆེན་པོའི་དཔལ་གྱིས་མཛེས་བཞིན་དུ། །རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག །ལུགས་གཉིས་ཁྲིམས་ཀྱི་སྣང་བ་ཆེས་འབར་བས། །མི་མཐུན་རྒུད་པའི་སྨག་རུམ་ཀུན་བསལ་ནས། །བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ། །རང་དབང་སྤྱོད་པའི་དུས་ལས་ཡོལ་མེད་ཤོག། །དཔལ་ལྡན་འབྲུག་པའི་འཕྲིན་ལས་རྣམ་བཞི་ཡིས། །བསྐྱངས་པའི་སྨན་ལྗོངས་འབྲུག་གི་རྒྱལ་ཁམས་འདིར། །དཔལ་ལྡན་འབྲུག་པའི་ཆབ་སྲིད་དགུང་དུ་ཕྱུར། །གྲགས་པའི་དབྱངས་སྙན་འབྲུག་ལྟར་སྒྲོགས་པར་ཤོག། །བདག་སོགས་རྗེ་བློན་འབངས་འཁོར་བཅས་པ་རྣམས། །སྐྱེ་བ་འདི་དག་ཚེ་རབས་གཞན་དག་ཏུ། །ལས་སྨོན་བཟང་པོས་གཅིག་ཏུ་འབྲེལ་བ་ཡིས། །རྔ་ཡབ་དཔལ་རིའི་ཞིང་དུ་བགྲོད་པར་ཤོག །རྩ་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །ཆོས་ཅན་ཆོས་ཉིད་ཟབ་མོའི་བདེན་པའི་སྟོབས། །བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་པར་ཤོག། །ཅེས་ཚིགས་བཅད་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་འདི་ཡང་མི་དབང་འཇིགས་མེད་སེངྒེ་མཆོག་ལ་སྔར་ནས་སར་གནས་སེམས་དཔའ་ཞིག་གི་སྤྲུལ་པ་ཡིན་པའི་འདུ་ཤེས་ཡོད་པའི་ཁར་ད་ཆར་རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་དབང་པོ་དེ་ཉིད་སྔོན་གནས་རྗེས་དྲན་གསུང་གིས་མཐུ་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་རོལ་དུ་གསལ་བར་སྟོན་པ་མ་ཟད། དེ་ལྟར་ངེས་པའི་རྒྱུ་མཚན་གཞན་ཡང་མང་དུ་མཐོང་བའི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་ལྷོ་ནང་སྐྱེ་འགྲོའི་བདེ་སྐྱིད་གོང་དུ་འཕེལ་བའི་རྟེན་འབྱུང་དུ་དམིགས་ཏེ། གང་གི་ཐུགས་རྗེའི་འོག་ཏུ་འཚོ་བའི་འབྲུག་ཆོས་སྲིད་མངའ་སྡེ་ཡོངས་ཀྱི་མགྲིན་ཚབ་ཏུ་མཁན་རབས་བདུན་ཅུ་པའི་མིང་ཙམ་འཛིན་པ་འཇིགས་མེད་ཆོས་ཀྱི་གྲགས་པས་གནམ་ལོ་ས་ཡོས་ཆོ་འཕྲུལ་ཟླ་བ་དང་པ་ཡར་ཚེས་བཅོའི་ཉིན་སྤུངས་ཐང་བདེ་ཆེན་ཕོ་བྲང་དུ་སྙིང་ནས་སྨོན་པ་དགེ་ལེགས་སུ་གྱུར་ཅིག