འབྲུག་གཙང་སྦྲ།
༉ འབྲུག་གཙང་སྦྲ་ཟེར་མི་འདི་ སྤྱི་ལོ་༢༠༡༤ སྤྱི་ཟླ་ ༢ པའི་སྤྱི་ཚེས་ ༥ ལུ་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་སྐྱབས་འཛིན་འོག་ལུ་གཞི་བཙུགས་མཛོད་གནང་ནུག། སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༧ པའི་ནང་ལུ་ རྒྱལ་བཙུན་མཆོག་གི་ཞལ་ལས་གསུང་དོ་བཟུམ་འབད་བ་ཅིན་ ལཱ་ག་ཅི་ར་འབད་རུང་ཐབས་ཤེས་ཚུ་མཐར་འཁྱོལ་ཅན་ཅིག་དང་བརྩོན་ཤུགས་བསྐྱེད་དགོཔ། དེ་ལས་ ཤོ་མཚུངས་སྦེ་ལཱ་འབད་དགོཔ་ཚུ་མེད་ཐབས་མེདཔ་ཅིག་ཨིན་མས། ང་བཅས་ག་ར་འབད་རུང་ རྒྱལ་སྤྱི་རང་བཞིན་གནས་སྟངས་ཀྱི་ཉིནམ་ལུ་ང་བཅས་ཀྱི་ལཱ་འབད་ཐངས་ཚུ་རང་གིས་རང་ལུ་སེམས་ཁར་དྲན་གསོ་འབད་དེ་ དེ་ཚུ་བརྡ་མཚན་ཅིག་དང་ལས་སྣ་ཙམ་ཅིག་སྦེ་མ་བཞག་པར་ལག་ལེན་འཐབ་དགོཔ་ཨིན་ཟེར་གསུངས་ཡོདཔ་ཨིན། དེ་འབདཝ་ལས་ ལས་ཁུངས་དེ་གི་འཆར་གཞི་གཙོ་བོ་ར་སྤྱི་ལོ་ ༢༠༣༠ གི་ལོ་ལུ་རྒྱལ་ཁབ་ནང་ལུ་ཕྱགས་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་སྦེ་བཟོ་ནི་འདི་ཨིནམ་དང་། ཕར་ཚུར་ལས་བྱུང་པའི་་ཐོན་ཁུངས་ཚུ་འཇོན་ཐང་ཅན་སྦེ་ལག་ལེན་འཐབ་སྟེ་ འགན་ཁུར་ཅན་གྱི་མི་སེར་ཅིག་ལུ་འགྱུར་ནི། འཚོ་བའི་གནས་སྟངས་ཡུན་བརྟན་སྦེ་བཞག་ནིའི་ནང་སྦྱང་བ་འབད་ནི། དེ་ལས་ འབྲུག་པའི་མི་སེར་ཚུ་གི་མནོ་ལུགས་ཚུ་འགྱུར་བཅོས་འབད་ནི་ལུ་དམིགས་གཏད་སྐྱེད་དོ་ཡོདཔ་ཨིན་མས། དེ་ཡང་ག་དེ་སྦེ་འབད་ནི་སྨོ་ཟེར་བ་ཅིན་ མཐའ་འཁོར་གནས་སྟངས་ལུ་གནོད་པ་མེད་པའི་ཟས་ཚུ་ལོངས་སྤྱོད་ཐོག་ལས་འཚོ་བ་སྐྱོང་ནི་གི་སྐུལ་ཁྱབ་བརྡ་སྤྲོད་འབད་ནི། ཕྱགས་སྙིགས་བླུགས་ཞིནམ་ལས་ཕྱགས་སྙིགས་དོང་ཚུ་ ས་གིས་བཀབ་བཞག་མི་ལུ་བརྟེན་ཏེ་བྱུང་བའི་ནག་རླུང་མར་ཕབ་འབད་ནི། དེ་ལས་ ཕྱག་སྙིགས་ལུ་བརྟེན་ཏེ་ གཙང་ཆུ་ཚུ་བཙོག་གྲིབ་ཕོག་བཅུག་ནི་ལས་བཀག་དགོཔ་ཚུ་ཨིན་མས། (Clean Bhutan, 2018)
འབྲུག་རྒྱལ་ཁབ་འདི་ ག་དེ་སྦེ་གཙང་ཏོག་ཏོ་ཅིག་ལུ་འགྱུར་ནི་སྨོ་ཟེར་བ་ཅིན་ འབད་ཚུགས་པའི་སྲིད་བྱུས་ཚུ་བརྩམས་ཏེ་ཕྱག་སྙིགས་འཛིན་སྐྱོང་འཇོན་ཐང་ཅན་སྦེ་འཐབ་ནིའི་ནང་ ས་གནས་གཞུང་དང་དབང་འཛིན། དེ་ལས་མི་སྡེ་དང་ཁྲོམ་སྡེ་ལ་སོགས་པ་ཚུ་དང་གཅིག་ཁར་ མཉམ་འབྲེལ་སྦེ་ལཱ་འབད་ནི་ཚུ་ཨིན་མས། རྒྱལ་སྤྱི་དང་རྒྱལ་ཁབ་ནང་འཁོད་ཀྱི་ཕན་ཚུན་མཐུན་འབྲེལ་གྱིས་ འབྲུག་གཙང་སྦྲ་ལུ་རྒྱབ་སྐྱོར་རྒྱ་ཆེཝ་སྦེ་གནང་ཡོད་རུང་ སྤྱི་ལོ་ ༢༠༣༠ ལུ་ཕྱག་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་སྦེ་བཟོ་ནི་གི་དམིགས་དོན་དེ་འགྲུབ་ཐབས་ལུ་ད་རུང་དེ་བ་ལྷག་པའི་རྒྱབ་སྐྱོར་འབད་མི་འཐོན་པའི་རེ་བ་སྐྱེད་དོ་ཡོདཔ་ཨིན་མས། ལས་ཁུངས་དེ་ནང་ རྒྱལ་ཁབ་གཙང་ཏོག་ཏོ་དང་འཇའ་ཆི་ཆི་སྦེ་བཞག་ནིའི་དོན་ལུ་ལཱ་འབད་མི་འབྲུག་པའི་ན་གཞོན་དང་ཁས་བླངས་པ།དེ་ལས་ མི་སྡེའི་མི་སེར་ཚུ་ཨིན་མས། དེའི་ནང་ལས་ཁས་བླངས་འབད་དེ་ལཱ་འབད་མི་ཚུ་གིས་ ལཱ་ག་ཅི་ར་འབད་རུང་ བརྒྱ་ཆ་ལས་བརྒྱ་སྦེ་ལཱ་འབད་དེ་མཐར་འཁྱོལ་ཅན་ཅིག་ལུ་འགྱུར་དོ་ཡོདཔ་ལས་ཁས་བླངས་པ་ཚུ་དྲག་ཤོས་ཅིག་སྦེ་ངོས་འཛིན་འབདཝ་ཨིན་མས། དེ་འབདཝ་ལས་ འབྲུག་གཙང་སྦྲ་གིས་རྒྱལ་ཁབ་ཀྱི་ས་གནས་ཡོངས་རྫོགས་ནང་ཕྱག་དར་གྱི་ལས་རིམ་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ང་བཅས་ག་ར་འབད་རུང་འབྲུག་གཙང་སྦྲ་དང་གཅིག་ཁར་མཉམ་འབྲེལ་འབད་དེ་ འབྲུག་རྒྱལ་ཁབ་འདི་མ་འོངས་པའི་དོན་ལུ་སྐྱིད་པའི་ས་གོ་ཅིག་སྦེ་བཟོ་ནི་ལུ་བརྩོན་གེ་ཟེར་སྐུལ་ཁྱབ་བརྡ་སྤྲོད་འབདཝ་ཨིན་མས།(Clean Bhutan, 2018)
ང་བཅས་རའི་རྒྱལ་ཁབ་འདི་ འཛམ་གླིང་ནང་གི་རྒྱལ་ཁབ་གཙང་ཤོས་ཅིག་སྦེ་བཟོ་ནི་འདི་ ང་བཅས་རའི་མི་དབང་རྒྱལ་པོའི་ཐུགས་དགོངས་ཨིན། མཐའ་འཁོར་གནས་སྟངས་ཧིང་སང་ས་སྦེ་བཞག་ནིའི་དོན་ལུ་ང་བཅས་རེ་རེ་བཞིན་དུ་གིས་ ཕྱག་སྙིགས་འཛིན་སྐྱོང་འཐབ་སྟེ་རྒྱལ་ཡོངས་གཅིག་སྒྲིལ་དང་དཔའ་ཉམས་བསྐྱེད་དེ་ མ་འོངས་པའི་རྒྱལ་ཁབ་ལེགས་ཤོམ་ཅིག་བཟོ་ཡོདཔ་ ངེས་བརྟན་བཟོ་ནི་འདི་ཨིནམ་ལས་ དེ་འགྲུབ་ཐབས་ལུ་ལས་ཁུངས་དེ་གིས་སྤྱིར་བཏང་འཛམ་གླིང་རྒྱལ་ཁབ་ག་བ་ཡང་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་རྒྱལ་ཁབ་གཙང་ཤོས་ཅིག་བཟོ་ནི་ལུ་དམིགས་པ་སྐྱེད་དོ་ཡོདཔ་ཨིན་མས།(Yangdon, 2016)འབྲུག་གཙང་སྦྲ་འདི་གིས་ སྤྱི་ལོ་ ༢༠༣༠ གི་ལོ་ལུ་རྒྱལ་ཁབ་ནང་ལུ་ཕྱག་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་བཟོ་ནིའི་དམིགས་དོན་འགྲུབཐབས་ལུ་ལཱ་འབད་བའི་བསྒང་ར་ཡོདཔ་ཨིན་མས། དེ་ཡང་ རྒྱལ་ཁབ་འདི་སྔོ་ལྗང་དང་ལྡནམ་སྦེ་བཟོ་ཐབས་ལུ་ འབྲུག་པའི་ཁས་བླངས་པའི་ན་གཞོན་ལེ་ཤ་ཅིག་ར་ལས་ཁུངས་དང་གཅིག་ཁར་ལཱ་འབད་བར་འོང་དོ་ཡོདཔ་ཨིན་མས། ལས་ཁུངས་དེ་གིས་ཁྲོམ་དང་གཙང་ཆུ་ཧིང་སང་ས་སྦེ་བཞག་ནིའི་ནང་ལུ་འགན་ཁུར་འབག་དོ་ཡོདཔ་དང་། ཁྲོམ་གྱི་མཐའ་འཁོར་ལུ་ཤིང་དང་མེ་ཏོག་ཚུ་བཙུགས་ནིའི་དམིགས་གཏད་ཡང་སྐྱེད་དོ་ཡོདཔ་ཨིན་མས།དེ་འབདཝ་ལས་ ལས་ཁུངས་དེནང་ལུ་ཁས་བླངས་པ་ཚུ་གིས་ ཕྱག་སྙིགས་ཚུ་འཛིན་སྐྱོང་འཐབ་སྟེ་ ཕྱག་སྙིགས་ག་ལྷོད་གུ་ལྷོད་བཀོ་བའི་ཉེན་འཚུབ་འབྱུང་ནི་ལས་བཀག་དོ་ཡོདཔ་ཨིན་མས།
ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལས་ཁུངས་དེ་གི་མཐུས་མི་ཚུ་ཡང་གཙུག་སྡེ་དང་ལས་ཁུངས་སོ་སོའི་མི་དང་མི་སྡེ་གི་མི་སེར་ལ་སོགས་པ་ཚུ་གིས་ཁས་བླངས་ཀྱི་ཐོག་ལས་ཐོ་བཀོད་འབད་དེ་ཡོདཔ་ཨིན་མས། རྒྱལ་ཁབ་ཀྱི་འོང་འབབ་ཀྱི་ཐོན་ཁུངས་གཙོ་བོ་ཅིག་ལྟ་བཤལ་འདི་ཨིནམ་ལས་ ལྟ་བཤལཔ་ཚུ་རི་བཤལ་འགྱོ་སའི་ལམ་དང་ལམ་འགྲུལ་འགྱོ་སའི་ལམ་ཚུ་ཧིང་སང་ས་བཟོ་ཚར་ཡོདཔ་ཨིན་མས། དེ་མ་ཚད་ རྒྱལ་ཁབ་ནང་ཚེས་བཅུ་དང་སྤྲོ་སྟོན་གྱི་ལས་རིམ། དེ་ལས་ འཛོམས་འདུ་ལ་སོགས་པ་ཚུ་འབད་ཚར་བའི་ཤུལ་ལུ་ ལས་ཁུངས་དེ་གི་ཁས་བླངས་པ་ཚུ་གིས་ཕྱག་སྙིགས་རག་རོག་ཚུ་ག་ནི་ཡང་མ་བཞག་པར་འཕྱག་དོ་ཡོདཔ་ཨིན། ལས་ཁུངས་དེ་གིས་བཤད་མི་ནང་ ཕྱག་སྙིགས་ཕུད་རྡོག་གཅིག་ཡང་མེདཔ་བཟོ་ནིའི་འཆར་གཞི་དེ་གིས་ འབྲུག་པའི་མི་སེར་ཚུ་གི་མནོ་ལུགས་དང་ཕྱག་སྙིགས་མར་ཕབ་འབད་ནིའི་ནང་འགྱུར་བ་འོང་ཚུགས་ཟེར་ཨིན་མས། དེ་ཡང་ མི་སེར་ཚུ་གིས་མནོ་བསམ་ལོག་གཏང་ནིདང་ཕྱག་སྙིགས་མར་ཕབ་འབད་ནི། བསྐྱར་བཅོས་འབད་ནི། ལོག་སྟེ་གཡོག་བཀོལ་ནི། ལོག་ལེན་ནི། དེ་ལས་ འགན་ཁུར་འབག་སྟེ་ ལཱ་འབད་ནི་ཚུ་ལག་ལེན་འཐབ་པ་ཅིན་ ཕྱག་སྙིགས་མར་ཕབ་འབད་ནིའི་ནང་གདོང་ལེན་མི་འབྱུང་ཟེར་བཤད་དོ་ཡོདཔ་ཨིན་མས། (Zangmo, 2015)