འབོད་སྒྲ་ཟེར་མི་འདི་ ཧེ་མ་འབྲུག་རྒྱལ་ཁབ་ཀྱི་གཞུང་ལྟེ་བའི་ གོངམ་ཚུ་ལུ་ ཕྱག་ཞུ་མི་འབོད་སྒརཔ་ཚུ་གིས་གཞུང་འབྲེལ་གྱི་དོན་ལུ་དང་ ངལ་གསོའི་སྐབས་ལུ་ གཡུས་ཚན་ཚུ་གི་ནང་ལས་ཕར་འགྱོཝ་ད་ གྱལ་སྒོར་སྒོརམ་སྦེ་ གདངས་དབྱངས་ཐུང་སུ་ཅིག་སྦེ་ རྐྱབ་པའི་གླུ་གཞས་འདི་ལུ་སླབ་ཨིན། འབོད་སྒྲ་འདི་མང་ཤོས་ཅིག་ གྱལ་སྒོར་སྒོརམ་སྦེ་ རྐྱབ་སྲོལ་ཡོདཔ་ཨིན། དེ་ཡང་ ཀུན་བཟང་འཕྲིན་ལས་ཀྱིས་ གླུ་དེབ་བློ་གསར་ལམ་སྟོན། ༢༠༠༣ ཤོག་༡༦༩ ནང་བཀོད་དོ་བཟུམ་སྦེ་ འབོད་སྒྲའི་ལེའུ་དང་སྟངས་སྟབས་འགྱིང་ཉམས་ཆེ་བའི་སྒོ་ལས་ རྐྱབ་མི་ལུ་འབོད་སྒྲ་ཟེར་སླབ་སྟེ་ གདངས་དབྱངས་ཐུང་སུ་ཅིག་འབད་ བསྒྱུར་ཁུག་མང་བ་རྒྱ་མཚོའི་ཟླ་བ་བཟུམ་དང་ རྐང་པའི་གོམ་སྟབས་ཡང་ རི་བོང་གི་འགྲོས་བཟུམ་སྦེ་ མགྱོགས་སུ་ཅིག་འབད་སྤོ་སྟེ་ ཞབས་ཁྲ་རྐྱབ་སྲོལ་ཡོད་མི་ཅིག་སླབ་ཨིན་ཟེར་བཤད་དེ་འདུག། འབོད་སྒྲ་ཟེར་བའི་ཐ་སྙད་མ་དར་བའི་ཧེ་མ་ སྒོར་སྒོརམ་ཟེར་སླབ་སྲོལ་འདུག། དེ་བཟུམ་སྦེ་ཀུན་བཟང་འཕྲིན་ལས་ཀྱི་ གླུ་དེབ་བློ་གསར་དགའ་སྟོན་གྱི་ ཤོག་གྲངས་ ༢༡ གི་ནང་ལུ་འབད་བ་ཅིན་

བོད་སྒྲ་ཟེར་མི་འདི་ སྔོན་མར་འབྲུག་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཐག་ཉེ་ཤོས་ཅིག་ བོད་རྒྱལ་ཁབ་འདི་ཨིནམ་མ་ཚད་ ཚོང་དང་ཆོས་ཀྱི་འབྲེལ་བ་ཚུ་སྦོམ་ཡོདཔ་ལས་བརྟེན་ མི་དེ་ཚུ་ཡར་དང་མར་རྒྱ་འགྲུལ་འཐབ་ཞིནམ་ལས་ བོད་ཀྱི་ཟློས་གར་ལས་རྟ་དྲགས་ཏེ་ འདི་དང་ཆ་འདྲ་བར་འཐེན་མི་གླུ་གཞས་དེ་ཚུ་ལུ་ བོད་སྒྲ་ཟེར་སླབ་ཨིན། བོད་སྒྲ་དེ་ གདངས་ཐུང་སུ་ཅིག་དང་ཞབས་བྲོ་ཡང་ མགྱོགས་སུ་ཅིག་འབད་རྐྱབ་པའི་ཁར་ མང་ཆེ་ཤོས་ཅིག་གྱལ་སྒོར་སྒོརམ་འབད་རྐྱབ་ཨིན།

འབོད་སྒྲ་ཟེར་བའི་ཐ་སྙད་འདི་ མ་འོངས་སྔོན་གཟིགས་ཅན་གྱི་འབྲུག་བརྒྱུད་འཛིན་གྱི་རྒྱལ་རབས་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རང་གི་ལམ་སྲོལ་ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ འབྲུག་གི་འཆམ་དང་ཞབས་བྲོའི་སྡེ་ཚན་ ལོགས་སུ་སྦེ་གཞི་བཙུགས་གནངམ་ལས་ཚུར་ ཞབས་ཁྲའི་མིང་འབོད་སྒྲ་དང་གཞུང་སྒྲ་ཟེར་ཡིག་ཐོག་ལུ་འགོ་དང་པ་བཀོད་གནང་སྟེ་ དར་ཁྱབ་སོང་ཡོད་པའི་ཚོད་འདུག། དེ་གི་ཧེ་མར་འབྲུག་རྒྱལ་ཁབ་ནང་ རྐྱབ་སྲོལ་ཡོད་དེ་འབད་རུང་ ཞབས་ཁྲ་གདངས་རིངམོ་དང་ ཞབས་ཁྲ་གདངས་ཐུང་ཀུ་ གྱལ་སྒོར་སྒོརམ་ཟེར་ སླབ་མ་གཏོགས་གཞུང་སྒྲ་དང་འབོད་སྒྲ་ ཟེར་བའི་ཐ་སྙད་སླབ་སྲོལ་མིན་འདུག།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཀུན་བཟང་འཕྲིན་ལས། (༢༠༠༣) གླུ་དེབ་བློ་གསར་ལམ་སྟོན། ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ། ཐིམ་ཕུག།

ཀུན་བཟང་འཕྲིན་ལས། (༢༠༠༢) གླུ་དེབ་བློ་གསར་དགའ་སྟོན། ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ། ཐིམ་ཕུག།

"https://dz.wikipedia.org/w/index.php?title=འབོད་སྒྲ།_Ι_Boedra_songs&oldid=31536" ལས་ སླར་འདྲེན་འབད་ཡོདཔ།