༉ དང་ཕུ་ མི་ལོ་སྟོང་ཕྲག་གཅིག་གི་ཧེ་མ་འབད་བ་ཅིན་ ཡིག་མཁན་ཚུ་གིས་རྒྱུ་ཟངས་དང་དངུལ་བརྡུངས་ཏེ་ ཤོག་ཀུ་བཟུམ་ སྲབ་འཕྲོས་འཕྲོས་བཟོ་ཞིནམ་ལས་ རྒྱལ་པོའི་བཀའ་ཁྲིམས་ཚུ་ འབྲི་སྲོལ་ཡོདཔ་ཨིན་པས། ད་རེས་ནངས་པའི་དུས་ལུ་ཡང་ ཧེ་མའི་ལྷ་ཁང་དང་ཀུན་དགའ་རྭ་བ་ཚུ་གི་སྒོ་ཁར་ ལྷ་ཁང་བཞེངས་མིའི་ཐོ་དང་དེའི་ཆགས་ཚུལ་ཚུ་ ཟངས་ཤོག་གུར་བྲིས་ཏེ་བཞག་མི་འདི་ མཐོང་སྲོལ་ཡོདཔ་ཨིན། དེ་ལས་ རིམ་པ་བཞིན་དུ་ རྒྱ་གར་ལུ་ ཡིག་མཁན་ཚུ་གིས་ ཏ་ལའི་འདབ་མ་དང་སེམས་ཅན་གྱི་པགས་ཀོ། རས་གཞི་ཚུ་ནང་ འབྲི་སྲོལ་བྱུང་ནུག། དེ་བཟུམ་སྦེ་ ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱལ་ཁབ་ དཔེར་ན་ བོད་དང་འབྲུག་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ འདེལ་ཤིང་གི་པགས་ཀོ་དང་ ཨ་ག་རུའི་པགས་ཀོ་ཚུ་ལས་ ཤོག་ཀུ་བཟོ་སྟེ་ ཡིག་མཁན་ཚུ་གིས་ ལག་ལེན་འཐབ་སྟེ་སྡོད་ཡོདཔ་ཨིན་པས། གཞན་རྒྱལ་ཁབ་ཚུ་ནང་ ཤོག་ཀུ་ལྷམ་པ་མ་འདྲཝ་ལེ་ཤ་ཡོད་རུང་ ང་་བཅས་རའི་རྒྱལ་ཁབ་ནང་འབད་བ་ཅིན་ དུས་རབས་ ༨ པའི་ནང་ འདེལ་ཤིང་ཕྱི་ནང་གི་པགས་ཀོ་དཀར་ནག་གཉིས་ལས་ འདེལ་ཤོག་དཀར་ནག་གཉིས་བཟོ་བའི་སྲོལ་ དར་ཁྱབ་བྱུང་མི་དེ་ཨིན་མས། དེ་ཡང་ གུ་རུ་རིན་པོ་ཆེ་བོད་ལུ་བྱོན་ཞིནམ་ལས་ བསམ་ཡས་སྒྲ་སྒྱུར་ལོ་ཙཱའི་གླིང་ལུ་ རྒྱ་ཆོས་བོད་སྐད་ཐོག་ལུ་ སྐད་སྒྱུར་འབད་དེ་ ཡིག་ཐོག་ལུ་འབྲི་བའི་སྐབས་ཤོག་ཀུ་མ་ལངས་པར་ འབྲུག་རྒྱལ་ཁབ་ལས་ འདེལ་ཤོག་དོ་དོ་སྦེ་ཕུལ་ཡོདཔ་དང་ ཤུལ་ལས་ཤོག་ཀུ་ཕུལ་བའི་བཀའ་དྲིན་དགའ་ཚོར་སྦེ་ རྒྱལཔོ་ཁྲི་སྲོང་ལྡེའུ་བཙན་གྱིས་ གུ་རུ་རིན་པོ་ཆེན་འབྲུག་ལུ་ལོག་འབྱོན་པའི་སྐབས་ ལོ་ཙཱ་བ་ལྡན་མ་རྩེ་མང་གུ་རུའི་ཕྱག་ཞུ་མི་སྦེ་བཏང་གནང་སྟེ་ འབྲུག་ལུ་ཡི་གུ་འགོ་དང་པ་བརྩམས་གནང་བའི་ལོ་རྒྱུས་ཚུ་ཡོདཔ་ཨིན་པས། དེ་འབདཝ་ལས་བརྟེན་ཏེ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ འདེལ་ཤོག་བཟོ་ནིའི་རིག་རྩལ་འདི་ ཧེ་མ་ལས་ར་ཡོདཔ་མ་ཚད་ སྲོལ་རྒྱུན་འདི་ད་ལྟོའི་བར་ན་ཡང་མ་ཉམས་པར་ཡོདཔ་ཨིན།
འདེལ་ཤོག་འདི་ འདེལ་ཤིང་ཟེར་མི་ཤིང་དེ་གི་པགས་ཀོ་གིས་བཟོཝ་ཨིན། ཤིང་འདི་ས་ཁ་མཐོ་ས་ལུ་མ་གཏོགས་ས་ཁ་དམའ་ས་ལུ་རྩ་ལས་མ་སྐྱེསཝ་ཨིན་པས། དེ་ཡང་ རྒྱ་མཚོའི་ཁོད་སྙོམ་ལས་ མི་ཊར་ ༢༠༠༠ དང་ ༣༠༠༠ དེ་ཅིག་གི་བར་ན་ རང་བཞིན་གྱིས་སྐྱེཝ་ཨིན། ཤིང་འདི་ གནམ་སོ་ཁའི་དུས་ལུ་ མེ་ཏོག་དཀརཔོ་སྦེ་ཤརཝ་ཨིན། ཤིང་གི་པགས་ཀོ་བཤུས་ནིའི་དུས་ཚོད་འདི་ གནམ་བྱཱར་དགུན་མེད་པར་བཏུབ་ནི་ཨིན་རུང་ ཤོག་ཀུ་བཟོ་མི་ཚུ་གིས་ བྱ་སྟབས་བདེ་ཐབས་ལུ་ མང་ཤོས་ཅིག་གནམ་དགུན་ལུ་ པགས་ཀོ་བཤུས་དོ་ཡོདཔ་ཨིན་པས། ཤིང་འདི་ འབྲུག་ཤར་ནུབ་དང་དབུས་ཕྱོགས་ཀྱི་ས་གནས་ག་ཏེ་ལུ་ཡང་སྐྱེ་དོ་ཡོདཔ་ཨིན་རུང་ བཀྲིས་གཡང་རྩེ། མོང་སྒར། ཆུ་ཁ། བཀྲིས་སྒང་། དབང་འདུས་ཕོ་བྲང་། ཀྲོང་གསར། གཞལམ་སྒང་ཚུ་ནང་ འབོར་ཆེ་ཏོག་ཏོ་སྦེ་སྐྱེ་དོ་ཡོདཔ་ཨིན་པས།
འདེལ་ཤོག་བཟོ་ཐངས་ལུ་ལྷམ་པ་མ་འདྲཝ་ རས་ཤོག་དང་ཚར་ཤོག་ཟེར་གཉིས་སྦེ་བཟོ་སྲོལ་ཡོདཔ་ཨིན། དང་པ་རས་ཤོག་བླུག་ཐངས་འདི་འབད་བ་ཅིན། ཧེ་མ་ར་ ཤིང་གི་པགས་ཀོ་འདི་ ལེགས་ཤོམ་སྦེ་བསལ་ཏེ་ ཆུ་ནང་སྦངས་ཞིནམ་ལས་ ལེགས་ཤོམ་ཆུ་འཁྱུ། འཁྱུ་ཚརཝ་ཅིག་ ཁྲོ་དང་ཟངས་ཀྱི་ཧོད་སྦོམ་ཅིག་ནང་ སྒོ་ཐལ་གྱི་ཆུ་བླུགས་ཏེ་ བཙོ་ཚོད་རན་ཏོག་ཏོ་སྦེ་བཙོ། བཙོ་ཚར་མི་འདི་ རྡོ་ལེབ་གུར་ ཤིང་གི་ཐོཝ་གིས་ལེགས་ཤོམ་སྦེ་བརྡུངས་ཏེ ཇ་སྲུམ་གི་ནང་ལུ་བླུགས་ཏེ་ལེགས་ཤོམ་སྦེ་བསྲུ་དགོ། དེ་ལས་ རས་ཤོག་གི་སྒྲོམ་ཆེ་ཆུང་དང་སྟུག་སྲབ་ཀྱི་དགོས་མཁོ་དང་བསྟུན་ཏེ་ ཤོག་ཀུའི་རྫས་རན་ཏོག་ཏོ་སྦེ་བླུགས་ཞིནམ་ལས་ ཆུ་རྫིང་གི་ཐོག་ལུ་ སྙོམས་ཏོག་ཏོ་སྦེ་སྙོམས་ཏེ་ ཤོག་སྒྲོམ་ནང་གི་ ཆུ་ག་ར་འཛགས་ཚརཝ་ཅིག་ ཉིམ་ནང་བསྐམ་དགོ། ཤོག་ཀུ་འདི་གི་ ཚེ་ཚད་ཡུན་རིངམོ་སྦེ་ཐུབ་དོ་ཡོདཔ་མ་ཚད་ པགས་ཀོ་སྒོ་ཐལ་གྱི་ཆུ་ནང་བཙོ་བཙོཝ་འབད་ནི་འདི་གིས་ འབུཔ་གིས་རྩ་ལས་མ་ཟ་བར་ ལེགས་ཤོམ་སྦེ་སྡོདཔ་ཨིན།
གཉིས་པ་ ཚར་ཤོག་བླུག་ཐངས་འདི་འབད་བ་ཅིན་ ཤོག་ཀུ་བླུག་སའི་གཞི་སྒྲོམ་ཚར་གྱིས་འཐག་སྟེ་ བཟོ་མིའི་ནང་ལུ་ ཤོག་ཀུ་བླུག་མི་འདི་ལུ་ ཚར་ཤོག་ཟེར་སླབ་ཨིན། མ་གཞི་ རས་ཤོག་དང་ཚར་ཤོག་གཉིས་བླུག་ནིའི་དོན་ལུ་ ལཱ་གི་གོ་རིམ་ཚུ་ཅོག་འཐདཔ་ཨིན་རུང་ བླུག་སའི་གཞི་སྒྲོམ་དང་ བསྐམ་ཐངས་ཀྱི་ཁྱད་པར་ཡོདཔ་ཨིན། དེ་ཡང་ ཚར་གྱིས་འཐག་སྟེ་ཡོད་མི་གཞི་འདི་ནང་བླུགས་ཞིནམ་ལས་ ཆུ་རྫིང་ནང་སྙོམས་ཏོག་ཏོ་བཟོ་སྟེ་ སྐར་མ་གཉིས་གསུམ་ཅིག་གི་རིང་ལུ་ཆུ་འཛག་བཅུག་སྟེ་ ཨེན་ཏ་སྙོམས་ཏོག་ཏོ་གུར་ ཚར་ཤོག་ལེབ་གྲངས་ ༣༠ དང་ ༤༠ གི་བར་ན་རྩང་དུམ་གྱིས་རྟགས་བཀལ་ཏེ་ ཤོག་ཀུ་ ༡༠༠ དང་ ༢༠༠ དེ་ཅིག་བརྩིགས་ཞིནམ་ལས། ཐོག་ཁར་ལས་ཨེན་ཏ་ལྗིད་ཅན་གྱིས་ཨེབ་བཞག་ནི་དང་ དེའི་ཐོག་ཁར་རྡོ་དང་ལྕགས་ལ་སོགས་པ་ ཨེན་ཏའི་ཟུར་མཐའ་གཉིས་ལུ་ལྗིད་ཚད་འདྲན་འདྲ་བཀལ་ཏེ་ ཉིན་བཞག་གཅིག་དེ་ཅིག་བཞག་དགོ། དེ་ལས་ ཐོག་ཁར་བཀལ་མི་ ཨེན་ཏ་དང་རྡོ་དེ་ཚུ་ཕབ་སྟེ་ ས་དང་གྱང་སྙོམས་ཏོག་ཏོ་གུར་སྦྱར་ཏེ་ ལེགས་ཤོམ་སྦེ་བསྐམ་དགོཔ་ཨིན།
མདོར་བསྡུ་བ་ཅིན་ འདེལ་བཟོ་དེ་ཡང་ དང་ཕུ་ལས་དར་སྲོལ་ཡོད་པའི་ལམ་སྲོལ་བཟང་པོ་ཅིག་ཨིན་པའི་ཁར་ ད་རེས་ནངས་པ་ཡང་ སྲོལ་རྒྱུན་འདི་མི་ཉམས་རྒྱུན་སྐྱོང་དང་ ཉམས་པ་སོར་ཆུད་འབད་དེ་ཡོདཔ་ཨིན། འདེལ་བཟོ་འདི་ ཧེ་མ་འབད་བ་ཅིན་ ལཱ་ག་ར་མི་གིས་འབད་དགོ་དོ་ཡོདཔ་ཨིན་རུང་ དེང་སང་དུས་ཀྱི་འགྱུར་བ་དང་བསྟུན་ འཕྲུལ་རིག་མ་འདྲཝ་གི་ཐོག་ལས་ འབད་སྲོལ་ཡོདཔ་ཨིན་པས། དེ་མ་ཚད་ རྒྱལ་ཁབ་ཀྱི་ས་གནས་ལ་ལུ་ཅིག་ནང་ འདེལ་བཟོའི་བཟོ་གྲྭ་ཁང་ཡང་གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ དེང་སང་གི་དུས་ལུ་འདེལ་བཟོ་འདི་ དངུལ་གྱི་འོང་འབབ་བཟོ་སའི་གཞི་ཅིག་ཡང་ཨིན་པས་གོ།


ཁུངས་གཏུག།

ཞུན་དག
  1. ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
  2. མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།
"https://dz.wikipedia.org/w/index.php?title=འདེལ་བཟོ།&oldid=29390" ལས་ སླར་འདྲེན་འབད་ཡོདཔ།