འདས་ལོག་ཀརྨ་དབང་འཛིན།

༉ འདས་ལོག་ཀརྨ་དབང་འཛིན་གྱི་རྣམ་ཐར་འདི་ འབྲུག་གློག་བརྙན་ཚོགས་པ་གིས་ གློག་བརྙན་སྦེ་བཟོ་སྟེ་ མི་མང་ལུ་རྒྱང་མཐོང་དང་ཡོངས་འབྲེལ་ཐོག་ལས་སྤེལ་ཏེ་ཡོདཔ་ཨིན་མས། རྣམ་ཐར་འདི་མི་ག་ར་གིས་ ཀི་དེབ་ནང་མཇལ་མ་ཚུགས་རུང་ གློག་བརྙན་ནང་་ འཇམ་ཏོང་ཏོ་སྦེ་ ཧ་གོ་ཚུགསཔ་སྦེ་ཡོདཔ་མ་ཚད་ གློག་བརྙན་ལྟ་མི་ཚུ་ཡང་ ངོ་མ་སྦེ་དམྱལ་བ་ཚ་གྲང་ནང་ལྷོད་ཡོདཔ་བཟུམ་མའི་སྣང་བ་ཡང་ཤར་ཚུགསཔ་ལས་ དམ་པའི་ཆོས་ལུ་དད་པ་དང་ཡིད་ཆེས་མེད་མི་ཚུ་ཡང་ རང་བཞིན་གྱིས་ཆོས་ལུ་དད་པ་དང་མོས་གུས་བསྐྱེད་ཚུགསཔ་འགྱོ་སྟེ་ཡོདཔ་ཨིན་མས། ཚེ་ད་རེས་དགེ་སྡིག་ཀྱི་ལཱ་ག་ཅི་ར་འབད་རུང་ ཚེ་ཤུལ་མ་རང་གིས་འབད་བའི་ལཱ་དཀར་ནག་དང་འཁྲིལ་ཏེ་ བདེ་བ་དང་སྡུག་བསྔལ་ཡང་ དེམ་ཅི་མྱོང་དགོཔ་ཨིན་པས་ཟེར་ མི་ཚུ་གིས་ཡིད་ཆེས་ཡང་འདྲོངས་ཏེ་འདུག། འདས་ལོག་ཀརྨ་དབང་འཛིན་གྱི་རྣམ་ཐར་ཐར་པའི་ལྕགས་ཀྱུ་བཞུགས་སོ་ (སྤྱི་ལོ་ ༢༠༠༢ ཤོག་གྲངས་ ༡-༡༣༥) ནང་ ཀརྨ་དམང་འཛིན་འདི་ ལྷོ་བྲག་ལུང་གསུམ་གྱི་དབུས། དགེ་བཅུ་ལུང་པའི་ཕུ། ཀུན་དགའ་གླིང་ཟེར་བའི་དགོན་པ་ནང་ ཡབ་བླ་མ་མཚོ་སྐྱེས་རྡོ་རྗེ་དང་ ཡུམ་དཔོན་ས་ཚེ་རིང་ཆོས་འཛོམས་གཉིས་ཀྱི་སྲསམོ་སྦེ་སྐུ་འཁྲུངས་ནུག།

མོ་ར་ ཆུང་ཚེ་མི་བསྒང་ལས་ར་ ཆོས་བསྒྲུབ་ནི་ལུ་ག་ཅི་དེ་སྤྲོ་བ་སྦོམ་ཡོད་མི་ཅིག་འབད་རུང་ ཐབས་ར་མེད་པར་འཇིག་རྟེན་རྐྱབ་དགོཔ་བྱུང་ནུག། མོ་ར་ཆོས་ཅིག་བསྒྲུབ་མི་ཚུགས་ནི་མས་ཟེར་ བློ་སེམས་ཕམ་པའི་ངང་ལུ་ར་བཞུགསཔ་ད་ ཆོས་ཀྱི་ལས་འཕྲོ་ལས་བརྟེན་ཏེ་ གྲུབ་ཐོབ་མཚན་ཉིད་དང་ལྡན་མི་གཅིག་དང་ཕྱད་དེ་ བླ་མའི་བཀའ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དེ་ ཡི་དམ་གྱི་ལྷ་སྦེ་བསྒོམས་ཏེ་བཞུགསཔ་ད་  ཉིནམ་ཅིག་གི་ཚེ་ མོ་ར་བདེ་ཏོག་ཏོ་སྦེ་སྡོདཔའི་བར་ན་ར་ ཚེ་ལས་འདས་སོ་ནུག། ཚེ་ལས་འདས་སོ་ཡི་ཟེར་སླབ་ས་ཅིག་རུང་ ཚེ་སྔོན་མའི་ལས་འཕྲོ་ལས་བརྟེན་ཏེ་ དམྱལ་བ་ཚ་དམྱལ་ ༨ དང་གྲང་དམྱལ་ ༨ ནང་ལྟ་བཤལ་ལུ་བྱོན་དོ་བཟུམ་ཅིག་འབདཝ་ལས་ དཀའཝ་སྦོམ་ར་སྤྱད་དགོཔ་མ་བྱུང་པས། དམྱལ་ཁམས་ ༡༨ ག་ར་བསྐོར་ཚར་ཏེ་ ལོག་ཧེ་མའི་སྐུ་གཟུགས་ཐོག་ལུ་ར་ གསོན་པོ་སྦེ་འོང་ཚུགསཔ་ལས་བརྟེན་ཏེ་མཚན་ཡང་འདས་ལོག་ཀརྨདབང་འཛིན་ཟེར་གསོལ་ནུག།

འདས་ལོགམ་གིས་གཟིགས་སྣང་ནང་ དམྱལ་བ་ནང་སྐྱེས་མི་ཚུ་ སྡུག་བསྔལ་མྱོང་མི་རྒྱུ་རྐྱེན་གཙོ་བོ་ར་ གསོན་པོ་སྦེ་རང་དབང་ཡོད་པའི་སྐབས་ རོགས་ལུ་ཤོབ་སླབ་ ཨརཝ་བརྐུ་ སེམས་ཅན་ཚུ་དམར་གསད་འབད་བའི་རྣམ་སྨིན་ཨིནམ་སྦེ་མཇལ་ནུག། དམྱལ་བ་ནང་སྐྱེས་མི་ཚུ་  ག་ར་འཇིག་རྟེན་མི་ཡུལ་ལུ་སྡོད་པའི་རིང་ སྡིག་པའི་ལཱ་འབད་ཡོད་པའི་ལས་འཁོར་འོངམ་ད་ ལས་འདི་ཚུ་མ་དག་ཚུན་ཚོད་ དམྱལ་བ་ནང་ལོ་ཁྲི་དང་དུང་ཕྱུར་སྦེ་ དཀའཝ་སྤྱད་དགོཔ་དང་། ལས་དེ་མ་དག་ཚུན་ཚོད་ དམྱལ་བ་ལས་གཏང་ཐབས་མེདཔ་ཨིན་པས། མོ་ར་ ཚ་དམྱལ་ ༨ དང་གྲང་དམྱལ་ ༨ དེ་ཚུ་ག་ར་བསྐོར་ཚར་ཏེ་ མཇུག་ལུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཨིན་མི་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་ ཕྱག་ན་རྡོ་རྗེའི་སྤྲུལ་པ་ཨིན་མི་འདྲེ་ནག་ཅུང་ དེ་ལས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཨིན་མི་ལྷ་དཀར་པོ་ཚུ་དང་མཇལ་ནུག། མོ་ར་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གིས་ འཇིག་རྟེན་མི་ཡུལ་ལུ་ལོག་ཆོས་བསྒྲུབ་པར་འགྱོ་དགོ་པའི་བཀའ་གནངམ་ལས་ མོ་ར་ལོག་འཇིག་རྟེན་མི་ཡུལ་ལུ་ ཧེ་མའི་སྐུ་གཟུགས་དེ་ལུ་ར་ གསོན་པོ་སྦེ་བཞེངས་ཏེ་ དེ་ཁར་འཛོམས་མིའི་ཚུ་ལུ་ ལས་དགེ་སྡིག་གཉིས་ཀྱི་རྣམ་རྨིན་ཚུ་ལེགས་ཤོམ་སྦེ་བཤད་བྱིནམ་ལས་ དེ་ཁར་འཛོམས་མིའི་མི་ཚུ་ཡང་ རང་བཞིན་གྱིས་སྦེ་དམ་པའི་ཆོས་ལུ་ དད་པ་དང་མོས་གུས་སྦོམ་བསྐྱེད་དེ་བློ་སེམས་ཆོས་ལུ་གྱུར་ ལས་རྒྱུ་འབྲས་ཡོདཔ་ཨིན་པའི་བརྩི་མཐོང་བསྐྱེད་དེ་ མི་ཚུ་དམ་པའི་ཆོས་ཀྱི་རྗེས་སུ་འཇུག་མི་མང་རབས་ཅིག་ཐོན་ནུག། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའ་ལྟར་དུ་ འདས་ལོག་མོ་ར་གངས་ཁྲོད་རི་ཁྲོད་བསྒྱིམས་ཏེ་ དམ་པའི་ཆོས་འདི་སྔར་བ་ལྷགཔ་སྦེ་བསྒྲུབ་པར་བྱོན་ཡོདཔ་སྦེ་བཀོད་དེ་འདུག།

འདས་ལོག་ཀརྨ་དབང་འཛིན་གྱི་རྣམ་ཐར་འདི་ལུ་གཞི་བཞག་སྟེ་ ང་བཅས་མི་ཚུ་གིས་གཙོ་བོ་ར་ ལས་དགེ་སྡིག་གཉིས་ ལེགས་ཤོམ་སྦེ་ར་ངོ་ཤེསཔ་དང་ ལས་དགེ་བ་འབད་བ་ཅིན་ དེའི་ཕན་ཡོན་དང་། ལས་སྡིག་པ་འབད་བ་ཅིན་ དེའི་ཉེས་དམིགས་འདི་ཚུ་མྱོང་ར་མྱོང་དགོཔ་ལས་ ཚེ་ད་རེས་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འཐོབ་ད་ ག་དེ་དྲག་དྲག་ སྡིག་པའི་ལཱ་འདི་སྤང་དགོཔ་དང་ ནམ་ར་འབད་རུང་ སྡིག་པའི་ལཱ་འདི་འབད་ནི་འབདཝ་ཅིག་ ད་ལྟོ་ཁོ་གིས་ས་གོ་ནང་ང་ར་ཨིན་པ་ཅིན་ སེམས་ལུ་སྡུག་བསྔལ་ག་བཟུམ་མྱོང་འོང་ག་ཟེར་ བརྟགས་ཤིང་དཔྱད་དགོ་ནི་འདི་གལ་ཆེཝ་ཨིནམ་མཁྱེན་ཏེ་ ནམ་ར་འབད་རུང་ ལཱ་ག་ཅི་ར་བརྩམས་རུང་ བདག་གཞན་མཉམ་པའི་སེམས་བསྐྱེད་ཐོག་ལས་འབད་བ་ཅིན་ ཚེ་ད་ལྟོ་དགའ་བ་ལུ་ཚེ་ཕྱི་མ་སྐྱིད་ཟེར་གསལ་སྟོན་འབདཝ་ཨིན་པས།

རྒྱབ་རྟེན།

ཀུན་བཟང་འཕྲིིན་ལས (༢༠༠༢) འདས་ལོག་ཀརྨ་དབང་འཛིན་གྱི་རྣམ་ཐར་ཐར་པའི་ལྕགས་ཀྱུ་བཞུགས་སོ ཕུན་ཚོགས་གླིང ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང