འཇིམ་བཟོ།
༉ འཇིམ་བཟོ་ཟེར་མི་འདི་ སྲིད་པ་གསུམ་གྱི་ནང་ལུ་ ལྷ། ཀླུ་དང་མི་ཚུ་གིས་ རྒྱུ་རིན་པོ་ཆེའི་རིགས་སྣ་ཚོགས་བསྡུ་ཞིནམ་ལས་ སྨན་འདམ་དང་སླ་བསྲེས་ཏེ་ སངྱས་དང་བྱང་ཆུབ་སེམས་དཔའི་སྐུ་རྟེན་ཚུ་ ཆ་ཚད་དང་ལྡན་ཏོག་ཏོ་སྦེ་ འབུར་ཐོན་ཏེ་བཞེངས་མི་ལུ་སླབ་ཨིན། འཇིམ་བཟོ་ཡང་ན་འཇིམ་བཟོའི་རིག་པ་འདི་ སྔོན་སངྱས་ཞལ་བཞུགས་པའི་སྐབས་ལས་ར་ དར་སྲོལ་ཡོདཔ་ཨིན་པས། དེ་མ་ཚད་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ཡང་ སྲོལ་འདི་ཧེ་མ་ལས་དར་ཏེ་ཡོདཔ་ཨིན་པས། དེ་ཡང་ འབུར་སྐུ་བཞེངས་ནི་རྐྱངམ་གཅིག་མེན་པར་ ཆུ་སྣོད་ཀྱི་བུམ་པ། སའི་རྫམ་གྱི་རིགས། སྐུ་གདུང་མཆོད་རྟེན་དང་ ཧེ་མ་ ཤར་ཝང་སྤ་གསུམ་ལུ་རྐྱབ་སྲོལ་ཡོད་པའི་སྡོད་ཁྱིམ་ (གྱང་ཁྱིམ) ལ་སོགས་པ་ཚུ་ག་ར་ འཇིམ་བཟོ་རིག་པ་ལུ་བརྟེན་ཏེ་ བཟོ་བཟོཝ་གི་རྒྱུ་དངོས་ཅིག་ཨིན།
དེ་ལས་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ འབུར་སྐུ་བཞེང་སྲོལ་འགོ་དང་པ་འདི་ དུས་རབས་ ༧ པའི་ནང་ལུ་ བྱུང་བྱུངམ་ཨིནམ་སྦེ་བཤདཔ་ཨིན་མས། དེ་ཡང་ སྤ་རོ་སྐྱིད་ཆུ་ལྷ་ཁང་ནང་ ཇོ་བོ་ཤཱཀྱ་མུ་ནེ་ལོངས་སྐུའི་ཆ་ལུགས་་ལུ་ ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་ཏེ་བཞེངས་ཡོད་མི་དང་ བུམ་ཐང་བྱམས་པ་ལྷ་ཁང་ནང་ མ་འོངས་པའི་སངྱས་ཇོ་བོ་བྱམས་པའི་སྐུ་དེ་ཚུ་ རྒྱལ་ཁབ་ནང་ལུ་ ལྷ་བཟོ་བྱང་ཆུབ་སེམས་དཔའ་ཚུ་གིས་བཞེངས་གནང་བའི་ འབུར་སྐུ་འགོ་དང་པ་ཨིན་པས། འབྲུག་ལུ་སྐུ་རྟེན་དང་པ་ར་ སངྱས་རྣམ་སྣང་དང་རྒྱལ་བ་རིགས་ལྔའི་སྐུ་ཚུ་བཞེང་སྲོལ་བྱུང་ནུག། དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་གིས་ འབྲུག་ལུ་ཞབས་ཀྱིས་བཅགས་གནང་ཞིནམ་ལས་ཚུར་ སྐུ་རྟེན་ཡང་ གུ་རུ་གཙོ་འཁོར་གསུམ་དང་རྗེ་འབངས་ཉེར་ལྔའི་སྐུ་འདྲ་ཚུ་ བཞེང་ནི་འགོ་བཙུགས་ཡོདཔ་ཨིན་པས། དེ་ལས་ཚུར་རིམ་པ་བཞིན་དུ་ དུས་རབས་ ༡༢ པ་དང་ ༡༣ པའི་ནང་ལུ་ བླམ་ཁག་ལྔ་དང་ཕ་ཇོ་འབྲུག་སྒོམ་ཞིག་པོ་ཚུ་བྱོན། དུས་རབས་ ༡༥ པའི་ནང་ལུ་ གཏེར་སྟོན་པདྨ་གླིང་པ་དང དུས་རབས་ ༡༧ པའི་ནང་ལུ་ དཔལ་ལྡན་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་བྱོན་ཏེ་ ནང་པའི་ལྷ་ཁང་དང་རྫོང་གཞིས་མང་རབས་ཅིག་བཞེངས་གནང་མི་ཚུ་གི་ནང་ སྐུ་རྟེན་ཚུ་ག་ར་འབྲུག་པའི་འཇིམ་བཟོ་མཁས་པ་ཚུ་གིས་བཞེངས་བཞེངསམ་ཨིན་པས། དེ་འབདཝ་ལས་ འཇིམ་བཟོའི་རིག་པ་འདི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ དང་ཕུ་ལས་དར་ཏེ་ཡོད་པའི་སྲོལ་རྒྱུན་ཅིག་ཨིན།
རང་གི་རྒྱུད་ལུ་ བསོད་ནམས་བསག་ནིའི་དོན་ལུ་ རང་སོའི་འབྱོར་པ་དང་བསྟུན་ རབ་ཏུ་བྱུང་པ་ཅིན་གསེར། དངུལ། བྱུ་རུ། གཡུ། མུ་མེན། གཟི་ལ་སོགས་པ་ཚུ་བླུགས་ མ་བྱུངན་ ས་དང་འདལ་ཤོག་གཉིས་གུར་ སྐྱེས་བུ་དམ་པ་ཚུ་གི་ཕྱག་རྒྱུན་ལས་བྱུང་བའི་ རིན་ཆེན་རིགས་ཀྱི་ཕབ་རྟ་དང་ སྨན་རྫས་ལེགས་ཤོམ་གྱི་རིགས་ཚུ་སླ་བསྲེས་ཏེ་ བཞེངས་པའི་སྐུ་ཚུ་ལུ་ སྨན་སྐུ་ ཡང་ན་ འཇིམ་སྐུ་ཟེར་སླབ་སྲོལ་ཡོདཔ་ཨིན་པས། དེ་ལས་ སྐུ་བཞེངས་པའི་སྐབས་ལུ་ གོ་རིམ་ཡང་ དང་པ་ ཁོག་འཐེན་ཐངས། གཉིས་པ་ སྐུ་གཟུགས་གཅེར་བུ་ཤ་ཚུགས་བཀང་ཐངས། གསུམ་པ་ རྒྱན་གོས་ན་བཟའ་ཤ་ཚུགས་ཕུལ་ཐངས་དང་ བཞི་པ་ བྱི་དབུར་རྐྱབ་ཐངས་ལ་སོགས་པའི་གོ་རིམ་བསྒྲིགས་ཏེ་བཞེངས་དགོཔ་ཨིན་མས།
འཇིམ་སྐུ་བཞེངས་པའི་སྐབས་ ལག་ཆ་ག་ཅི་ར་དགོཔ་ཨིན་ན་ཟེར་བ་ཅིན་ རྒྱུ་སྦྱིས་ཤིང་གིས་བཟོ་བའི་ལགཔ་མཐེ་མཛུབ་བཟུམ་ཡོད་མི་ལྡེ་དཔོན་ཡང་ཅིན་་ལྡེམ་ཟེར་མི་འདི་དགོཔ་ཨིན་མས། ལྡེ་དཔོན་ ཡང་ན་ལྡེམ་ལུ་ ལྷམ་པ་མ་འདྲཝ་ རྟ་མིང་། ཤོ་ཤོམ། འབུར་རིམ་ལ་སོགས་པ་ཡོདཔ་ཨིན། དང་པ་ ན་བཟའ་གི་ལྷུག་དང་སྐུ་ཤ་མཉེན་ལྕུག་ཚུ་བཟོ་ནིའི་དོན་ལུ་ ལྡེ་དཔོན་ ཡང་ན་ལྡེམ་ རྟ་མིང་ཟེར་མི་ ལག་ལེན་འཐབ་དགོཔ་ཨིན་མས། གཉིས་པ་ ཤ་ཚུགས་དང་རྒྱན་གོས་ སྤྱིར་བཏང་བཟོ་ནིའི་དོན་ལུ་ བཟོ་རྣམ་ལེབ་ལེབ་སྦེ་ཡོད་མི་ ལྡེམ་ཤོ་ཤོམ་ཟེར་མི་དང་ གསུམ་པ་ ས་བྱི་རྐྱབ་ནིའི་དོན་ལུ་ གྱི་ཅུ་བཟུམ་མའི་ལྕགས་ལེབ་སོ་ཡོད་མི་ཅིག་ཡང་དགོཔ་ཨིན་མས། སྦྱིས་ཤིང་ཟེར་མི་འདི་ ས་ཁ་མཐོ་སར་ སྦ་སྨྱུག་གི་ཚལ་མ་ནང་ལས་འཐོབ་དོ་ཡོདཔ་ཨིནམ་དང་ ཤིང་འདི་སྐམ་ཚར་བའི་བསྒང་ལས་ གནམ་མེད་ས་མེད་ས་ཀྲག་ཡོདཔ་ལས་ བྱི་དབུར་རྐྱབ་ནིའི་ལག་ཆ་མེད་ཐབས་མེདཔ་ཅིག་ཨིན། དེའི་སྐོར་ལས་ ཁ་གསལ་སྦེ་མཁྱེན་དགོ་པ་ཅིན་ མཁན་པོ་ཕུན་ཚོགས་བཀྲ་ཤིས་ཀྱིས་རྩོམ་སྒྲིག་འབད་ཡོད་པའི་ཀི་དེབ་ འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན་ཟེར་མི་ནང་ རྒྱས་པར་བཀོད་དེ་ཡོདཔ་ལས་ དེ་ནང་གཟིགས་གནང་ཟེར་ཞུ་ནི་ཨིན་ནོ།
ཁུངས་གཏུག།
ཞུན་དག- ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་། (༢༠༠༤) ལྷོའི་ཆོས་འབྱུང་འཇམ་མགོན་སྨོན་མཐའི་ཕྲེང་བ། ཐིམ་ཕུག། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
- མཁན་པོ་ཕུན་ཚོགས་བཀྲ་ཤིས། (༢༠༠༣) འབྲུག་གི་བཟོ་རིགས་བཅུ་གསུམ་གྱི་བཤད་པ་མཁས་པའི་དགའ་སྟོན། ཐིམ་ཕུག། སྐལ་བཟང་གཞན་ཕན།