འགྲོ་མགོན་གཙང་པ་རྒྱ་རས། Ι Drogyen Tsangpa Jarey

ངོ་སྤྲོད།

ཞུན་དག
 
འགྲོ་མགོན་གཙང་པ་རྒྱ་རས།

དེ་ཡང་ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན་(གནམ་ལོ་མེད། ༢༠༢༢། ཤོག་གྲངས་) ནང་གསུངས་ཡོདཔ་བཟུམ་སྦེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་ལས། ས་ཞེས་བྱ་བའི་ལུང་པ་རུ། རྒྱ་ཞེས་བྱ་བའི་གང་ཞག་མཆོག། ནཱ་རོའི་སྤྲུལ་པ་འབྱུང་བར་འགྱུར་ཟེར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ བསླུ་མེད་རྡོ་རྗེ་ལུང་གིས་རྒྱ་གར་གྱི་མཁས་གྲུབ་ཡོངས་ཀྱི་ མངའ་བདག་པཎ་ཆེན་ནཱ་རོ་ཏ་པ་དང་ བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་ཀུན་གྱི་གཙུག་རྒྱན་ མཉམ་མེད་དྭགས་པོ་ལྷ་རྗེ་གི་སྤྲུལ་པ་ཨིནམ་སྦེ་བསྔགས་པ་དང་ (དགེ་འདུན་རིན་ཆེན། ༢༠༢༢།) དེ་བཟུམ་སྦེ་སྤྱི་ལོ་ (༡༢༡༢-༡༢༧༠) ལུ་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བཏོན་པའི་གཏེར་མ་ནང་ལས། གཤོངས་གསུམ་འཛོམས་མི་ཁུ་ལེ་ས་རོལ་ནང་། ཤོ་གཟུགས་འདྲ་བའི་རྡོ་ཕུ་གི་རྩེ་མོ་ལས། གསེར་གྱི་གདུང་བརྒྱུད་འཛིན་མི་ཅིག་འཁྲུངས་ཏེ། ཁོ་གིས་དམ་པའི་ཆོས་ལུ་ཞུགས་པར་འགྱུར། ཟེར་ལུང་བསྟན་གནང་མི་དང་ དོ་རུང་གཏེར་བཏོན་ རཊ་ཎ་གླིང་པ་གིས་ (༡༤༣༢-༡༤༧༨/༧༩) དང་ གཏེར་བཏོན་པདྨ་གླིང་པ་གིས་ (༡༤༤༥-༡༥༢༡) ལུ་དུས་སྐབས་སོ་སོ་ནང་བཏོན་ཡོད་པའི་ གཏེར་མའི་ལུང་བསྟན་ནང་ལས་ཡང་ གུ་རུ་པདྨ་བསམ་བྷ་བ་གིས། འབྲུག་ཟེར་སའི་ར་ལུང་ལུ། གཙང་པ་རྒྱ་རས་ཟེར་མི་གིས། པཎ་ཌི་ཏ་ན་རོ་པ་གི། སྤྲུལ་པའི་རྣམ་འཕྲུལ་འབྱུང་འོང་།(ཝི་ཀི་པི་ཌི་ཡ།) ཟེར་ལུང་གིས་ཟིན་ཡོད་པའི་སྐྱེས་བུ་དམ་པ་འདི་སྤྱི་ལོ་ ༡༡༦༡ རབ་བྱུང་གསུམ་པའི་ནང་གསེས་ ཁྱུ་མཆོག་ཟེར་མི་ལྕགས་མོ་སྦྲུལ་གྱི་ལོ་ དབྱར་ཟླ་བའི་སྣྲོན་གྱི་ཚེས་བཅོ་ལྔ་ལུ་ བོད་ཀྱི་གཙང་ལྷོ་ཕྱོགས་ཀྱི་ས་གནས་ཧ་བོ་གངས་བཟང་གི་མགུལ་ མྱང་སྟོད་ས་རལ་ཟེར་ས་ལུ་ རྒྱ་ནག་གི་གཉའ་རྒོད་སྟོབས་ཅན་ལྷའི་གདུང་རབས་ལས་མཆེད་པའི་ཡབ་རྒྱ་ཟུར་པོ་ཚ་པེ་དང་ མར་ཟ་བདེ་སྐྱིད་གཉིས་ཀྱི་སྲས་སྦེ་སྐུ་འཁྲུངས་ནུག། དེ་ཡང་འགྲོ་མགོན་གཙང་པ་རྒྱ་རས་སྐུ་མཆེད་བདུན་ཡོད་པའི་ནང་ལས་ རྗེ་འདི་ཆུང་ཤོས་ཨིནམ་མ་ཚད་ རྗེ་རིན་པོ་ཆེ་འདི་ཡུམ་གྱི་མངལ་ལས་སྐུ་འཁྲུངསམ་ཅིག་ར་ གྲུབ་ཆེན་ལྭ་བའི་ན་བཟའ་གྱོན་མི་ཅིག་གིས་བྱ་རྒོད་ལུ་སྤྲུལ་ཏེ་བདག་འཛིན་མཛད་གནང་ནུག།

ལུང་བསྟན།

ཞུན་དག

འགྲོ་མགོན་གཙང་པ་རྒྱ་རས་འདི་སྐུ་ན་ཆུང་ཀུའི་བསྒང་ལས་ར་ ཨྱོན་གུ་རུ་རིན་པོ་ཆེ་གིས་བསླུ་མེད་རྡོ་རྗེ་གསུངས་ཀྱིས་ལུང་བསྟན་གནང་ཡོདཔ་བཟུམ་སྦེ་ར་ ས་གནས་དེ་ཁར་ཡོད་པའི་རྡོ་ཕུ་ཤོ་བཟུམ་གྱི་ཐོག་ཁར་འཛེགས་ཞིན་ན་ ཆོས་གསུངས་པའི་ལད་སྲོལ་མཛད་དེ་ རྡོ་ཕུ་དེ་ཁར་རྗེ་རིན་པོ་ཆེ་གི་ཞབས་རྗེས་གསལ་རིལ་རི་སྦེ་བཞག་ཡོདཔ་ཨིན། སཱི་ཇི་ཀཱུ་མཱ་གཱའི་གིས་དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་རྟོགས་བརྗོད་རྙིང་པ་གསུམ་ནང་ལུ་ རྗེ་རིན་པོ་འདི་བུ་ཆུང་ཤོས་ཅིག་ཨིན་རུང་ ཡབ་ཁོ་ར་ལུ་བུ་ཙང་ཙ་དྲུག་ཡོད་པའི་སྟབས་ཀྱིས་མ་དགའ་བའི་ལོ་རྒྱུས་བཤད་ཡོད་རུང་ ཆུང་ཀུ་ཅིག་ལས་ར་ ཡ་རབས་དང་བློ་གྲོས་ཅན་ཨིནམ་མ་ཚད་ཕོ་བཟང་སྦེ་ཡོདཔ་ལས་ ཡུས་མི་དང་གཞན་མི་ག་ར་གིས་དགའ་སྟེ་སྡོད་ནུག།

རྗེ་འདི་ཧེ་མའི་སྐུ་ཚེ་ལུ་ དམ་པའི་ཆོས་གསན་བསམ་སྒོམ་གསུམ་ ཡོངས་སུ་རྫོགསཔ་སྦེ་མཐར་ཕྱིན་ཏེ་ ས་གསུམ་ནང་འགྲན་ཟླ་མེད་པའི་མཁས་གྲུབ་གཉིས་ལྡན་གྱི་གོ་འཕང་རིན་པོ་ཆེ་ལུ་ མངའ་དབང་གྱུར་ཏེ་སངས་རྒྱས་རུང་ ད་ལྟོ་སྙིགས་མ་ལྔ་བདོའི་ཕ་མར་གྱུར་པའི་སེམས་ཅན་ཚུ་ལུ་ཕན་ཐོགས་ནི་དོན་ལུ་ སྤྲུལ་པའི་ཚུལ་སྦེ་བྱོན་ཏེ་ སྐུ་ན་ཕྲ་བའི་བསྒང་ལས་ར་ ལཱ་ག་ཅི་འབད་རུང་ཆོས་དང་འབྲེལ་བ་ཡོད་པའི་ལཱ་ཙང་ཙ་མཛདཔ་ལས་ དམ་པའི་ཆོས་ཀྱི་འཕྲོ་སད་དེ་ དགུང་ལོ་བཅུ་གཉིས་བཞེསཔ་ད་ལུ་ དམ་པའི་ཆོས་ཀྱི་སྒོར་ཞུགས་ཏེ་ སྔོན་མའི་བག་ཆགས་ཀྱི་སྟོབས་ཀྱིས་ ལོ་བཅུ་ཕྲག་གཅིག་ནང་ལུ་ མདོ་སྔགས་གཞུང་ལུགས་གྱངས་ཁ་མེདཔ་ལུ་ གསན་བསམ་ཕུལ་ཕྱིན་མཛད་དེ་ འགྲན་ཟླ་མེད་པའི་མཁས་པའི་གོ་འཕང་ལུ་ མངའ་དབང་སྒྱུར་ནུག། ཨིན་རུང་ཡང་ རྗེ་རང་ཉིད་དགུང་ལོ་ཉེར་གསུམ་བཞེས་པའི་སྐབས་ལུ་ དམ་པའི་ཆོས་གསན་འབདཝ་རྐྱངམ་གཅིག་གིས་ ཆོས་ཉིད་ཀྱི་དོན་རྟོགས་ནི་ལཱ་ཁག་ཡོདཔ་མཁྱེད་ཏེ་ ཆོས་ཉིད་ཀྱི་དོན་རྟོགས་ནི་དོན་ལུ་སྣ་ཕུ་ལུ་ གྲུབ་ཐོབ་ཆེན་པོ་གླིང་ཆེན་རས་པ་གི་གདན་སར་བཅར་ཏེ་ ལོ་དྲུག་གི་རིང་བླ་མའི་ཅི་གསུངས་བཀའ་བཞིན་གྲུབ་སྟེ་ དམ་པའི་ཆོས་ཀྱི་སྙིང་པོ་ཕུ་ཐག་ཆོད་དེ་ བླ་མའི་ཐུགས་དགོངས་པ་དང་དབྱེར་འདྲེས་ནུག།

ལོ་གསུམ་ཕྱོགས་གསུམ།

ཞུན་དག

དེ་ལས་ལྷོ་བྲག་མཁར་ཆུ་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱ་བཞུགས་པའི་ཐ་མར་ འདོད་ལྷའི་དམག་དཔུང་གི་གཡུལ་ལས་རབ་ཏུ་རྣམ་པར་རྒྱལ་ཏེ་ བསྒོམ་བྱ་དང་སྒོམ་བྱེད་གཉིས་མེད་གཅིག་ཏུ་འདྲེས་ཏེ་ སྒོམ་མེད་བདེ་བ་ཆེན་པོའི་རྩལ་རྫོགས་ནུག། དེ་གི་ཤུལ་ལས་ ཙཱ་རི་ལུ་བརྟུལ་ཞུགས་ཀྱི་སྤྱོད་པ་ལུ་བྱོན་ཏེ་ གནས་སྒོ་ཕྱེ་བའི་སྐབས་ལུ་ དཔལ་འཁོར་ལོ་སྡོམ་པའི་ཡབ་ཡུམ་གྱི་ཞལ་གཟིགས་ཏེ་ ལུང་བསྟན་ཡང་ཐོབ་སྟེ་ ཤིང་སྡོང་ཁ་ཊམ་ཡོད་མི་གི་ཐོག་ཁར་བྱོན་ཞིན་ན་ དེའི་ཐོག་ལུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་སྦེ་བཞགུས་ཏེ་ ཐུགས་ཆོས་སྐུའི་དགོངས་པ་ལས་ སྐད་ཅིག་ཙམ་ཡང་གཡོ་བ་མེད་པར་ ཟླཝ་གསུམ་བཞུགསཔ་ད་ལུ་ བདེ་བར་གཤེགས་པ་ གཏད་རབས་བདུན་གྱི་ཞལ་མངོན་སུམ་དུ་གཟིགས་ཏེ་ རྟེན་འབྲེལ་རབས་བདུན་གྱི་ཆོས་ཡང་གསན་གནང་ནུག། དགུང་ལོ་སུམ་ཅུ་སོ་གསུམ་བཞེསཔ་ད་ལུ་ རྗེ་རང་ཉིད་ནང་ལྟར་ རྡོ་རྗེ་འཛིན་པའི་དགེ་སློང་མཚན་ཉིན་པ་ལུ་གྱུར་རུང་ ཕྱི་ལྟར་དུ་འདུལ་བ་དང་མཐུནམ་སྦེ་མཛད་ནི་དོན་ལུ་ བླ་མ་ཞང་ལས་ སོ་ཐར་གྱི་སྡོམ་པ་ཚུ་རིམ་གྱིས་བཞེས་གནང་ནུག།

དེ་ལས་རྗེ་འདི་ དམ་པའི་ཆོས་ཀྱི་གདུལ་བྱ་བརྟག་པའི་ཕྱིར་དུ་ གནམ་ཕུ་བྱང་ཆུབ་གླིང་ལུ་བྱོན་པའི་བསྒང་ ས་གནས་དེ་ཁར་འབྲུག་མ་སྨད་དགུ་བབས་གཟིགསཔ་ཅིག་ འདི་འཕྲོ་ལས་ འབྲུག་ལྡིར་ཞིན་ན་ གནམ་ཁར་འཕུར་སོང་བའི་རྟེན་འབྲེལ་ལུ་གཟིགས་ཏེ་ ས་གནས་ཀྱི་མིང་ལུ་འབྲུག་དང་ ཁོ་གི་ཆོས་ལུགས་ལུ་འབྲུག་པ་བཀའ་བརྒྱུད་ཟེར་བའི་མཚན་ བཏགས་གནང་ནུག། དེ་ལས་བླ་མ་གཙང་པ་རྒྱ་རས་མཆོག་གིས་ བཀའ་བརྒྱུད་ཀྱི་རིང་ལུགས་ག་ར་གི་སྙིང་པོའི་བཅུད་ཚུ་ གདམས་ངག་སྡོང་པོ་གསུམ་ལུ་༼ཉམས་ལེན་བྱིན་བརླབས་ཀྱི་ཆུ་བོ་ ཆོས་རྗེ་སྒམ་པ་པོ་ལས་བརྒྱུད་ནི་དེ་གིས་ རྟོགས་པ་སྒམ་པ་པོའི་ལུགས། གདམས་ངག་དང་སྒྲུབ་ཐབས་མང་ཆེ་བ་ རྗེ་བཙུན་རས་ཆུང་པ་ལས་བརྒྱུད་ནི་དེ་གིས་ གདམས་ངག་རས་ཆུང་པའི་ལུགས་དང་ རྟེན་འབྲེལ་དང་རོ་སྙོམས་ལ་སོགས་པ་ཚུ་ ཆོས་རྗེ་རིན་པོ་ཆེ་ཁོ་རུ་བབས་ནི་དེ་གིས་ རྟེན་འབྲེལ་ཁོ་བོའི་ལུགས་༽ བཅུད་བསྡུས་ཏེ་ བཤད་ཉན་སྒོམ་གསུམ་གྱིས་ཐོག་ལས་ སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་གནང་མི་དེ་གིས་ འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་འཕུར་བའི་ས་གོ་ཚུན་ཚོད་ དར་ཁྱབ་སོང་ནི་དེ་གིས་ བོད་ཀྱི་རྒྱལ་ཁམས་མཐའ་དབུས་མེད་པར་ མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཟེར་བའི་མཚན་གྱི་སྙན་གྲགས་འདི་ མི་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་མེད་པར་དར་ཁྱབ་སོང་ནུག།

དེ༌ལས༌ ཆོས༌རྗེ༌རིན༌པོ༌ཆེ༌ སློབ༌མ༌ཡང༌ ཉིང༌སློབ༌གནམ༌མཁའི༌མཐའ༌དང༌མཉམ༌ཟེར༌ གསུངས༌དོ༌བཟུམ༌སྦེ༌ གདམས༌ངག༌སྡོང༌པོ༌ གསུམ༌གྱི༌ཐོག༌ལས༌ ལོ༌ངོ༌བཅོ༌བརྒྱད༌ཀྱི༌རིང༌ལུ༌ གདུལ༌བྱ༌བསྐྱངས༌ཏེ༌བཞུགསཔ༌ད༌ལུ༌ སློབམ༌ཡང༌ ཆུ༌མོ༌གངྒའི༌ཚད༌དང༌མཉམ༌སྦེ༌ བྱུང༌ཡོདཔ༌ཨིན།

མཇུག་སྡུད།

ཞུན་དག

དེ༌ལས༌སློབ༌མ༌ཚུ༌ལུ༌ མ༌འོངས༌ལུང༌བསྟན༌ཚུ༌ག༌ར༌ མ༌བཏུབ༌བཏུབ༌སྦེ༌ གནང༌ཚར༌བའི༌ཤུལ༌ལས༌ སྤྱི༌ལོ༌༡༢༡༡ དགུང༌གྲངས༌ལྔ༌བཅུ༌ང༌གཅིག༌ བཞེས༌པའི༌གནམ༌ལོ༌ ལྕགས༌ལུགས༌སྟོན༌ཟླ༌ར༌བའི༌ མར༌ངོའི༌ཚེས༌བཅུ༌ཐམ༌ལུ༌ ཁོ༌རའི༌གདན༌ས༌བྱང༌ཆུབ༌གླིང༌ལུ༌ ངོ༌མཚར༌ཆེ༌བའི༌རྟགས༌མཚན༌ལེ༌ཤ༌སྟོན༌ཏེ༌ རེ༌ཞིག༌དགོངས༌པ༌ཆོས༌ཀྱི༌དབྱིངས༌སུ༌ ཐིམ༌པའི༌ཚུལ༌བཏོན༌གནང༌ནུག། ད༌ལྟོ༌ ཤར༌ཕྱོགས༌མངོན༌པར༌དགའ༌བའི༌ཞིང༌ཁམས༌ལུ༌ བྱང༌ཆུབ༌སེམས༌དཔའ༌ སྣང༌བ༌རྡུལ༌བྲལ༌གྱི༌ཚུལ༌གཟུང༌སྟེ༌ བཞུགས༌ཡོདཔ༌ཨིན། དེ༌ལས༌ འགྲོ༌མགོན༌གཙང༌པ༌རྒྱ༌རས༌ཀྱི༌ སྤུར༌ལས༌རིང༌བསྲེལ༌ལེ༌ཤ༌འཁྲུངས༌པའི༌ནང༌ གཙོ༌བོ༌སྐུ༌གདུང༌སྒལ༌གྱི༌ཚིགས༌ཉི༌ཤུ༌རྩ༌གཅིག༌ལས༌ སྤྱན༌རས༌གཟིགས༌ཉི༌ཤུ༌རྩ༌གཅིག༌བྱོན༌ཡོདཔ༌མ༌ཚད༌ ཐུགས༌འདི༌ ར༌ལུང༌གི༌སྒོ༌མང༌མཆོད༌རྟེན༌གྱི༌ནང༌ལུ༌ བཞུགས༌ཡོདཔ༌དང༌ ལྗགས༌འདི༌འབྲུག༌གི༌ལྷ༌མོ༌ཆེ༌ལུ༌ བཞུགས༌ཏེ༌ཡོདཔ༌ཨིན།

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡༽   དགེ་འདུན་རིན་ཆེན། གནམ་ལོ་ཆུ་བྱི་ལོ། སྤྱི་ལོ་ ༢༠༢༢། ལྷོ་འབྲུག་ཆོས་འབྱུང་བློ་གསར་རྣ་བའི་རྒྱན། རྫོང་ཁ་གོང་འཕེལ་ལྷན་ཚོགས། ཐིམ་ཕུ།

༢༽   འབྲུག་གི་ལྷན་ཐབས་རྒྱལ་རབས་ ༡༡ པ། གནམ་ལོ་མེད། སྤྱི་ལོ་ ༢༠༢༢། རྩ་གཞུང་དང་མཁས་རིག་གོང་འཕེལ། ཤེས་རིག་ལྷན་ཁག། ཐིམ་ཕུ།

༣༽   ཝི་ཀི་པི་ཌི་ཡ། ༢༠༢༢།