ང་བཅས་རའི་ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་འདི་ནང་ལུ་ ལོ་གསར་ཟེར་བའི་དུས་ཚོད་འདི་ དུས་ཚོད་གཞན་དང་ཕྱདཔ་ད་ལུ་ གནམ་མེད་ས་མེད་ཁྱད་དུ་འཕགས་པ་ཅིག་ཨིན། ལོ་གསར་ལུ་ལྷམ་པ་མ་འདྲཝ་ལེ་ཤ་ཡོད་པའི་ནང་ལས་ཟླཝ་དང་པའི་ལོ་གསར་ཟེར་ ཉིནམ་གནམ་མེད་ས་མེད་ཁག་ཆེ་ཤོས་ཅིག་སྦེ་རྩིཝ་ཨིན། སླབ་སྲོལ་ལས་འབད་བ་ཅིན་ ཟླཝ་དང་པའི་ལོ་གསར་འདི་བོད་རྒྱལ་ཁབ་ལས་ དར་དརཝ་ཨིན་ཟེར་སླབ་ཨིན། དེ་ཡང་ རབ་བྱུང་བཞི་པའི་མེ་མོ་ཕག་ལོ་སྤྱི་ལོ་ ༡༢༢༧ གྱི་ལོ་ལུ་ ཧོར་གྱི་རྒྱལ་པོ་ཇིང་གིར་གྱིས་ཁམས་མེ་ཉག་བཅོམ་འདི་གིས་རྒྱལ་ཁ་ཐོབ་པའི་བཀྲ་ཤིས་པའི་་དགའ་སྟོན་རྟེན་འབྲེལ་འདི་ མཆུ་ཟླ་འདི་ལུ་ཕོག་ནི་འདི་གིས་ བོད་ལུ་ཧོར་ཟླ་དང་པ་ཟེར་བརྩིས་བ་ལས་བཟུང་ བོད་ལུ་ཟླ་དང་པའི་ལོ་གསར་བརྩི་སྲུང་ཞུ་སྲོལ་བྱུང་ནུག། མཆུ་ཟླ་ཟེར་སླབ་དགོ་མི་འདི་རྩིས་གཞུང་ལྟར་གྱི་ཟླ་གྲངས་ཀྱི་མིང་སྐར་མའི་མིང་སྦེ་རྩི་སྲོལ་ཡོདཔ་ལས་བརྟེན་ཨིན།

ཟླཝ་བཅུ་གཉིས་པའི་ལོ་གསར་དང་ཆ་འདྲཝ་སྦེ་ ཟླཝ་དང་པའི་ལོ་གསར་གྱི་ཉིནམ་དང་པ་ལུ་ འབུལ་བ་ཕུལ་ནི་སྲོལ་ཡང་ཡོདཔ་ཨིན། བོད་ལུ་ཧོར་ཟླ་དང་པའི་ལོ་གསར་བརྩི་དགོ་པའི་དགོས་པ་འདི་ བོད་འདི་སྔ་ཕྱི་རིམ་པར་སྦེ་ཧོར་གྱི་འོག་ལུ་ལོ་ངོ་མང་རབས་ཅིག་གནས་སྡོད་ནི་འདི་གིས་ཧོར་ལུགས་སྦེ་རྩི་སྲོལ་བྱུང་ནུག། ད་རུང་ ཧེ་མ་འབྲུག་གི་ཤར་ཝང་སྤ་གསུམ་གྱི་མི་སེར་འདི་ཚུ་གིས་ ཟླ་དང་པའི་ལོ་གསར་འདི་ རྒྱལ་པོའི་ལོ་གསར་ཟེར་སླབ་ཨིན། དེ་སྦེ་སླབ་དགོ་མི་འདི་ ཧོར་ཇིང་གིར་རྒྱལ་པོའི་ལོ་གསར་བརྩི་ནི་འདི་གིས་ མི་སེར་འདི་ཚུའི་ཁ་ལས་གཏམ་རྒྱུད་དང་རྣ་རྒྱུན་བཟུམ་ཅིག་སྦེ་སླབ་ཨིན་མས།

ཉིནམ་འདི་ང་བཅས་ར་ འབྲུག་མི་ཡོངས་ཀྱི་ ང་བཅས་རའི་རྒྱལ་ཁབ་ཀྱི་དགའ་སྐྱིད་དཔལ་འཛོམས་ཀྱི་དམིགས་དོན་ ཆོས་དང་ལམ་སྲོལ་མི་ཉམས་གོང་འཕེལ་གཏང་ནི་ལུ་ གནམ་མེད་ས་མེད་ཁག་ཆེ་དྲགས་ཅིག་ཨིན། ཉིནམ་འདི་ནང་ གཞུང་གི་ཡིག་ཚང་དང་སློབ་གྲྭ་ཁག་ གཞན་ལས་སྡེ་དང་ཡིག་ཚང་ཚུ་ག་ར་ ངལ་གསོ་སྦེ་བཞགཔ་ཨིནམ་ལས་ བཟའ་ཚང་ཚུ་ག་ར་གཅིག་ཁར་འཛོམས་ཏེ་དགའ་དགའ་སྤྲོ་སྤྲོ་སྦེ་སྡོད་་ནིའི་དུས་ཚོད་ཅིག་ཨིན། དེ་གི་ནང་ལས་ ཁག་ཆེ་ཤོས་གཅིགཔོ་འདི་ སྔོན་མ་རང་གི་ཕམ་བཟང་པོ་ཚུ་གིས་ མ་འོངས་བུ་རྒྱུད་ཚུ་ལུ་ ཤུལ་བཞག་སྦེ་བཞག་ཡོད་པའི་ རྒྱལ་ཁབ་ཀྱི་སྲོག་ཤིང་དང་འདྲ་བའི་ ལམ་སྲོལ་བདག་འཛིན་འབད་ནི་ལུ་ གནམ་མེད་ས་མེད་ཕན་ཐོགས་ཡོད་པའི་ལུགས་སྲོལ་ཅིག་ཨིན། ལོ་གསར་གྱི་རིམ་པ་དེ་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ དང་ཕུ་ཕ་དང་མའི་སྐབས་ལས་བརྩི་སྲུང་ཞུ་སྲོལ་ཡོདཔ་ལས་ ད་ལྟོ་ཡང་ཉམས་མ་བཅུག་པར་ འབྲུག་མི་ཡོངས་ཀྱིས་ མ་བཏུབ་བཏུབ་སྦེ་བརྩི་སྲུང་ཞུ་སྟེ་ཡོདཔ་ཨིན།

ལོ་གསར་གྱི་ཉིནམ་འདི་ མང་ཆེ་བ་ཅིག་ ཤར་ཕྱོགས་རྫོང་ཁག་ནང་ལུ་ཡོངས་གྲགས་སྦེ་བརྩི་སྲུང་ཞུ་སྲོལ་ཡོདཔ་རུང་ ད་རེས་ནངས་པ་ རྒྱལ་ཐད་ཐད་ཁ་ལས་ཕར་ ག་ར་གིས་བརྩི་སྲུང་བཞུཝ་ཨིན། དེ་འབདཝ་ལས་ ལོ་གསར་གྱི་ཉིནམ་འདི་ལུ་ ཡིག་ཚང་དང་ལས་སྡེ་ཚུ་ག་ར་ ངལ་གསོ་ཨིནམ་ལས་ ཉིནམ་འདི་ལུ་ ལཱ་ཁག་ཆེ་ཏོག་ཏོ་ག་ཅི་བཟུམ་ཅིག་རུང་ བཤོལ་བཞག་སྟེ་ངལ་འཚོ་སྡོདཔ་ཨིན། ཉིནམ་དེ་ཁར་་ ས་ཕྱོག་གཞན་ཁར་ཡོད་མི་ཕམ་དང་སྤུན་ཆ་ ཁྱིམ་ཚང་གཉེན་ཉེཝ་ཚུ་ ག་ར་རང་གི་གཡུས་ཁར་འོངས་སྦེ་ གཅིག་ཁར་འཛོམས་ཏེ་ དྲོ་པ་གི་ཐུགཔ་ལས་འགོ་བཙུགས་ཏེ་ བཞེས་སྒོ་ལྷམ་པ་མ་འདྲཝ་སྦེ་བསྒྲིགཧ་ཞིནམ་ལས་ མཛར་ཅུམ་ཟ། དེ་ལས་ ཉིནམ་འདི་ནང་ལུ་ ལྷ་ཁང་དགོན་སྡེ་ཚུ་ནང་ལས་ཕར་ ཕྱག་མཆོད་དཀར་མེ་ཚུ་ཕུལ་ཏེ་ ལོ་གསརཔ་ཚེས་པའི་ ཉིནམ་ལས་འགོ་བཟུང་ རྐྱེནདང་བར་ཆད་ག་ནི་ཡང་མེད་པར་ དགའ་སྐྱིད་ཀྱི་ངང་ལུ་སྡོད་ནི་དང་ བསམ་པའི་རེ་བ་ཚུ་ག་ར་འགྲུབ་བཅུག་ཟེར་བའི་སྨོན་ལམ་བཏབ་ཨིན། དེ་ལས་ གཞུང་སྒེར་དམངས་གསུམ་ག་ར་ མདའ་དང་ཁུ་རུ་ དེ་ལས་རང་ལུགས་ཀྱི་རྩེདམོ་གཞན་ཚུ་ཡང་བརྩེ་ནི་ཡོདཔ་དང་ ཨམ་སྲུ་ཚུ་གིས་ རྩེདམོ་བརྩེ་ས་ལུ་ ཞབས་ཁྲ་རྐྱབ་ཤེས་མི་ཚུ་གིས་ཞབས་ཁྲ་རྐྱབ་ དེ་ལས་ཞབས་ཁྲ་རྐྱབ་མ་ཤེས་མི་ཚུ་གིས་ ཇ་ཆང་ཚུ་བསྒྲིགས་ཏེ་སྐྱེལཝ་ཨིན། དེ་ལས་ ཕྱི་རུ་ཕོ་མོ་ག་ར་གནསཔོ་གཅིག་གི་ཁྱིམ་ནང་ལུ་ ག་ར་དགའ་དགའ་སྤོ་སྤྲོ་བའི་སྒོ་ལས་ དྲོ་པ་ཚུན་ཚོད་གནམ་མ་ནངསམ་ཚུན་ཚོན་ ཞབས་ཁྲ་རྐྱབ་སྟེ་སྡོདཔ་ཨིན།

ཉིནམ་འདི་ དུས་ཧེ་མ་ལས་ར་ འབྲུག་མི་ཚུ་གིས་གནམ་མེད་ས་མེད་སྤྲོ་བ་ཆེ་ཏོག་ཏོ་སྦེ་རྩིཝ་ཨིནམ་དང་ ད་ལྟོའི་བར་ན་ཡང་འགྱུར་བ་ག་ནི་ཡང་མེད་པར་ བརྩི་མཐོང་དང་དག་སྣང་བསྐྱེད་དེ་ ག་ཅི་དེ་ལྷག་བསམ་རྣམ་དག་གིས་སྒོ་ལས་བརྩི་སྲུང་ཞུཝ་ཨིན།   


ཁུངས་གཏུག། Namgay, D. (2011). Lomae Lochoe. In proceedings of the sixth Colloquium on Tangible and Intangible culture of Bhutan.

Samten. (n.d.). Retrieved from https://acharyasamten.blogspot.com.