ཝེང་མཁར་རྔ་ཚང་ལྷ་ཁང་། Wengkhar Ngatshang Lhakhang

ངོ་སྤྲོད།

ཞུན་དག

ཝེང་མཁར་ལྷ་ཁང་འདི་མོང་སྒར་རྫོང་ཁག་གི་ཝེང་མཁར་གཡུས་ཚན་ནང་ལུ་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་མོང་སྒར་ཁྲོམ་ལས་བཀྲིས་སྒང་འགྱོ་སའི་ལམ་ཁར་ཀི་ལོ་མི་ཊར་ ༩ དེ་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན་མས། ཝེང་མཁར་ལྷ་ཁང་འདི་སྤྱི་ལོ་ ༡༦༤༦ ལུ་ཆོས་རྒྱལ་མི་འགྱུར་བསྟན་པའི་བཀའ་བཞིན་ དམ་ཆོས་རབ་རྒྱས་དང་སྐུ་དྲུང་པད་དཀར་ཆོས་འཕེལ་གྱིས་བཞེངས་ཡོདཔ་ཨིན་མས། ལྷ་ཁང་འདི་གཡུས་ཚན་གྱི་མི་སེར་ཚུ་གིས་ཞབས་ཏོག་ཐོག་བཞེངས་ཏེ་ གྲྭ་ཚང་གི་ཤེས་ཡོན་ཚུ་ཡང་གཞི་བཙུགས་འབད་ནུག། དབུ་མཛད་དམ་ཆོས་རབ་རྒྱས་ཀྱི་བུམོ་ཀུན་བཟང་བདེ་ཆེན་འདི་ དགྲ་མེད་རྩེ་སྔ་ཚང་གི་རྫོང་དཔོན་གྱི་རིགས་བརྒྱུད་ཨིན་མི་ ཇ་དཔོན་བཀྲིས་བསོད་ནམས་དང་གཅིག་ཁར་གཉེན་བསྡོམས་ཏེ་ བུམ་སྡེ་གླིང་གི་དྲུང་པ་སྦེ་བཞུགསཔ་ད་ལུ་ཞབས་དྲུང་ཐུགས་སྤྲུལ་གསུམ་པ་ངག་དབང་རྣམ་རྒྱལ་འཇིགས་མེད་གྲགས་པ་འདི་ཨའི་གི་མངལ་ནང་ཆགས་ནུག། སྤྱི་ལོ་ ༡༧༩༡ འབྲུག་ཟླ་དང་པའི་ཚེས་ ༡༥ ལུ་ཞབས་དྲུང་འཇིགས་མེད་གྲགས་པ་འདི་ ཡ་མཚན་ཅན་གྱི་རྟགས་དང་རྟེན་འབྲེལ་ལེ་ཤ་དང་བཅསཔ་སྦེ་སྐུ་འཁྲུངས་ནུག།

སྤྱི་ལོ།

ཞུན་དག

གནད་དོན།

ཞུན་དག
༡༦༤༦ ཝེང་མཁར་ལྷ་ཁང་ཆགས་ནུག།
༡༧༩༡ ཞབས་དྲུང་འཇིགས་མེད་གྲགས་པ་སྐུ་འཁྲུངས་ནུག།
༡༧༩༤ ཞབས་དྲུང་འཇིགས་མེད་གྲགས་པ་རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ་ཕེབས་ནུག།
༡༨༡༡ ཞབས་དྲུང་འཇིགས་མེད་གྲགས་པ་འབྲུག་གི་སྡེ་སྲིད་ ༢༧ པ་སྦེ་བསྐོ་བཞག་མཛད་གནང་ནུག།
༡༨༣༠ ལས་ ཞབས་དྲུང་འཇིགས་མེད་གྲགས་པ་དགོངསཔ་ཆོས་ཀྱི་དབྱིངས་སུ་མ་ཐིམ་ཚུན་ཚོད་རྟ་ལོག་ལུ་བཞུགས་ནུག།
༡༩༥༢ ལུ་མི་དབང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་མཆོག་གི་ པུར་སྦྱང་གི་ཆོ་ག་གནང་ས་སྦེ་ཉམས་བཅོས་མཛད་གནངནུག།་
༡༩༧༠ མི་དབང་རྒྱལ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ཝེང་མཁར་སྔ་ཚང་ལྷ་ཁང་འདི་ སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་ལུ་ཕུལ་གནང་ནུག།
༢༠༠༠ ལུ་ལྷ་ཁང་འདི་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་མོང་སྒར་གྱི་གཞུང་གྲྭ་ཚང་ལུ་ རྩིས་སྤྲོད་འབད་དགོ་པའི་བཀའ་སློབ་བཞིན་རྩིས་སྤྲོད་གནང་ནུག།

ཆགས་རབས།

ཞུན་དག
 
ཝེང་མཁར་རྔ་ཚང་ལྷ་ཁང་། པར་བཏབ་མི་ ཁེངས་སེངྒེ་རྡོེ།

ཞབས་དྲུང་འཇིགས་མེད་གྲགས་པ་འདི་དགུང་ལོ་ ༣ བཞེསཔ་ད་ལུ་ རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ་ཕེབས་ད་ལུ་སྡེ་སྲིད་བསོད་ནམས་སྟོབས་རྒྱས་དང་ རྗེ་མཁན་ཁྲི་རབས་ ༡༧ པ་འཇམ་མགོན་ཀོང་སྤྲུལ་གཉིས་པའི་ཡང་སྲིད་འཇམ་མགོན་ཡེ་ཤེས་རྡོ་རྗེ་གིས་ཕེབས་བསུ་ཞུ་གནང་ཡོདཔ་ཨིན་མས། དེ་ལས་ཞབས་དྲུང་རིན་པོ་ཆེ་མཆོག་དགུང་ལོ་བཞི་བཞེས་པའི་སྐབས་ལུ་ འཇམ་མགོན་ཡེ་ཤེས་རྡོ་རྗེ་གིས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ་ མཚན་ཡང་འཇིགས་མེད་གྲགས་པ་ཟེར་གསོལ་གནང་ཡོདཔ་ཨིན་མས། ཤུལ་ལས་སློབ་དཔོན་ཆོས་ཉིད་རང་གྲོལ་དང་རྗེ་མཁན་འཇམ་དབྱངས་རྒྱལ་མཚན་གྱིས་མདོ་དང་སྔགས་དེ་ལས་གདམས་ངག་ཚུ་ག་ར་གནང་ཡོདཔ་ཨིན་མས། ཞབས་དྲུང་གིས་རྟ་ལོག་ཐུགས་སྤྲུལ་འཇིགས་མེད་སེངྒེ་གི་ལྷ་ཁང་གསང་སྔགས་ཆོས་གླིང་འདི་ རྒྱ་བསྐྱེད་མཛད་དེ་བསམ་ཡས་ཀྱི་རྒྱལ་པོ་འདི་གདན་འདྲེན་ཞུ་སྟེ་ཕོ་བྲང་ཡང་བཞེངས་གནང་ཡོདཔ་ཨིན་མས།

ཞབས་དྲུང་འཇིགས་མེད་གྲགས་པ་འདི་དགུང་ལོ་ ༢༠ བཞེསཔ་ད་ལུ་ ལོ་གཅིག་གི་རིང་ལུ་འབྲུག་གི་སྡེ་སྲིད་ ༢༧ པ་སྦེ་བསྐོ་བཞག་མཛད་གནང་ཡོདཔ་མ་ཚད་ དེ་ལས་སྡེ་སྲིད་ཀྱི་ཁྲི་ལས་དགོངསམ་ཞུ་སྟེ་རྟ་ལོག་ལུ་ སྤྱི་ལོ་ ༡༨༣༠ ལུ་དགུང་ལོ་ ༤༠ བཞེས་པའི་སྐབས་ལུ་དགོངསཔ་ཆོས་ཀྱི་དབྱིངས་སུ་མ་ཐིམ་ཚུན་ཚོད་བཞུགས་ནུག། ཞབས་དྲུང་འཇིགས་མེད་གྲགས་པ་གི་རིང་བསྲེལ་ཚུ་བྱང་ཆུབ་མཆོད་རྟེན་ནང་ལུ་སྲུང་སྐྱོབ་འབད་དེ་ཡོདཔ་ཨིན། ཝེང་མཁར་སྔ་ཚང་འདི་ཞབས་དྲུང་གི་གཟིམ་ཅུང་ཨིནམ་འོང་ཟེར་སླབ་རུང་ བླམ་དང་འཁྲིལ་བ་ཅིན་རྣམ་ཐར་ནང་ལུ་ཝེང་མཁར་སྔ་ཚང་འདི་ ཞབས་དྲུང་གི་འཁྲུངས་ས་མེན་ཟེར་ཁ་གསལ་སྦེ་ཡོདཔ་ཨིན་པའི་ལོ་རྒྱུས་བཤདཔ་ཨིན་མས། ཨིན་རུང་ད་ལྟོ་ལྷ་ཁང་ཡོད་ས་ལས་ས་ཐག་རིང་བརྒྱ་དེ་ཅིག་གི་ས་ཁར་མཁོའི་ཐང་སྦིས་ཟེར་ས་ལུ་ གྱང་ཁོག་ཅིག་ཡོད་མི་འདི་ཞབས་དྲུང་གི་གཟིམ་ཆུང་ཨིན་ཟེར་སླབ་མི་འདི་ སྤྱི་ལོ་ ༢༠༠༩ ལུ་ཉམས་གསོ་ཞུ་ཡོདཔ་ཨིན་མས།

ལྷ་ཁང་འདི་ཤུལ་ལས་མི་དབང་རྒྱལ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིབདག་དབང་འོག་ལུ་ ངོས་ལེན་མཛད་ཞིནམ་ལས་སྤྱི་ལོ་ ༡༩༥༢ ལུ་མི་དབང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་མཆོག་གི་ པུར་སྦྱང་གི་ཆོ་ག་གནང་ས་སྦེ་ཉམས་བཅོས་མཛད་གནང་ཡོདཔ་ཨིན་མས། དེ་ཚུ་ཡང་ནང་དོན་དང་ངག་ཐོག་གི་དྲན་ཐོ་ཚུ་གིས་གསལ་སྟོན་འབདཝ་ཨིན་མས། སྤྱི་ལོ་ ༡༩༧༠ ལུ་མི་དབང་རྒྱལ་ཡུམ་ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ ཕུན་ཚོགས་གླིང་ལུ་སྤོ་ལོ་མཁན་ཀུན་དགའ་རྒྱལ་མཚན་གྱི་པུར་སྦྱང་གི་གསུང་ཆོག་གནང་ནིའི་དོན་ལུ་ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གདན་འདྲེན་ཞུ་ནུག། དེ་བསྒང་མི་དབང་རྒྱལ་ཡུམ་མཆོག་གིས་ཝེང་མཁར་སྔ་ཚང་ལྷ་ཁང་འདི་ སྐྱབས་རྗེ་བདུད་འཇོམས་རིན་པོ་མཆོག་ལུ་ཕུལ་གནང་ནུག།

དེ་ལས་ཚུར་སྔ་ཚང་ལྷ་ཁང་འདི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གི་སློབ་མ་ ཁམས་པ་བླམ། བཀའ་གདམས་བླ་མ་ཀརྨ་དབང་འདུས་དང་མཚམས་པ་འགྱུར་མེད་ཚུ་གིས་བདག་འཛིན་མཛད་ནུག། ཤུལ་ལས་སྤྱི་ལོ་ ༡༩༧༨ ལུ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གིས་ ལྷ་ཁང་འདི་བླམ་བསོད་ནམས་བཟང་པོའི་ཚ་བོ་ལུ་བདག་འཛིན་འབད་དགོ་པའི་བཀའ་རྒྱ་གནང་སྟེ་ ཁོ་གིས་མི་ལོ་ ༢༠ གི་རིང་ལུ་བདག་འཛིན་མཛད་གནང་ནུག། སྤྱི་ལོ་ ༢༠༠༠ ལུ་ལྷ་ཁང་འདི་སྐྱབས་རྗེ་རྗེ་མཁན་ཁྲི་རབས་ ༧༠ པ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་མོང་སྒར་གྱི་གཞུང་གྲྭ་ཚང་ལུ་ རྩིས་སྤྲོད་འབད་དགོ་པའི་བཀའ་སློབ་བཞིན་རྩིས་སྤྲོད་གནང་ནུག། (འབྲུག་གི་གནས། གནམ་ལོ་མེད། སྤྱི་ལོ་ ༢༠༢༣)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

ཞུན་དག

༡. འབྲུག་གི་གནས། ཝེང་མཁར་སྔ་ཚང་ལྷ་ཁང་། གནམ་ལོ་མེད། སྤྱི་ལོ་ ༢༠༢༣། ཕེསི་བྷུག།