བྷུ་ཊན་ཊཡེམསི།

འབྲུག་གི་གསར་ཤོག་

བྷུ་ཊན་ཊཡེམསི་ (Bhutan Times) གི་ཡོངས་འབྲེལ་འཆར་སྒོ་ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་དུས་ཚོད་ཚད་འཛིན་འདི་ འབྲུག་ལུ་སྒེར་གྱི་དབང་བའི་གསར་ཤོག་འགོ་དང་པ་ གཞི་བཙུགས་འབད་ཡོད་པའི་ཁར་ གསར་ཤོག་དེ་གིས་འབྲུག་རྒྱལ་ཡོངས་གནས་ཚད་ནང་དང་ ལྷག་པར་དུ་འབྲུག་རྒྱལ་ཁབ་ཀྱི་ས་གནས་གེ་རའི་ནང་ འཐོབ་ཚུགས་པའི་གསར་ཤོག་བདུན་ཕྲག་ཨ་རྟག་ར་ ཤོག་གྲངས་ ༡༢ འབད་མི་གསར་ཤོག་དེ་ རེས་གཟའ་ཟླཝ་གི་ཚེ་ ཁ་སྐད་རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ནང་ དཔེ་སྐྲུན་འབད་སྲོལ་འདུག། བྷུ་ཊན་ཊཡེམསི་ (Bhutan Times) ཟེར་མི་གསར་ཤོག་དེ་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ གཞི་བཙུགས་འབད་བའི་ཤུལ་ལུ་ འབྲུག་རྒྱལ་ཁབ་ཀྱི་རྫོང་ཁག་ ༢༠ གེ་རའི་ནང་ལས་ཕར་ ངོ་ཚབ་ཚོང་ཁང་ ༢༠༠ དེ་ཅིག་ངོས་འཛིན་འབད་དེ་ཡོད་མི་ཚུ་ནང་ལས་ འཐོབ་ཚུགསཔ་བཟོ་ནུག། གནས་ཚུལ་ཚུ་ཡང་ རྒྱལ་ཡོངས་དང་རྒྱལ་སྤྱིའི་གནས་ཚུལ་ལེགས་ཤོམ་དང་ འཚུབས་ཅན་གེ་ར་བསྡུ་སྒྲིགའབད་དེ་ འབྲུག་པའི་མི་སེར་ཚུ་ལུ་ རང་སོའི་མཐའ་འཁོར་ནང་ག་ཅི་ར་འབད་དོ་ག་ཚུ་གི་སྐོར་ལས་ ཤེས་ཚུགསཔ་བཟོ་ཡོདཔ་ཨིན་མས།
གསར་ཤོག་དེ་གིས་ངོ་མ་ར་ དམིགས་གཏད་དེ་གྲོང་གསེབ་དང་ མཐའ་ཟུར་གྱི་གཡུས་སྒོ་ཚུ་ གོང་འཕེལ་ལུ་གཏང་ནི་ལུ་ གཞི་བཞག་སྟེ་ གནས་ཚུལ་ཚུ་བསྡུ་སྒྲིག་འབད་ནུག། བྷུ་ཊན་ཊཡེམསི་
(Bhutan Times) དེ་རང་དབང་ཧྲིལ་བུ་ཡོད་པའི་ མི་མང་གི་ཚད་འཛིན་ཚོང་སྡེ་ཅིག་ཨིན་པའི་ཁར་ ཁྱབ་སྤེལ་འབད་མི་ཚུ་ལུ་ བརྒྱ་ཆ་ ༦༦ དེ་ཅིག་གི་དབང་ཆ་ཡོདཔ་དང་ གཞན་ལྷག་ལུས་ཚུ་གེ་ར་ སྤྱིར་བཏང་མི་མང་གི་བགོ་བཤའ་ཉོ་ཚོང་རྐྱབ་ཡོད་མི་དེ་ཨིན་མས། བགོ་བཤའ་དབང་མི་བདག་པོ་ཚུ་ཡང་ ཉེ་རིང་མེད་པར་ཐ་ན་ སོ་ནམ་ཞིང་ལཱ་འབད་མི་ཅིག་ལས་འགོ་བཙུགས་ཏེ་ ཞི་གཡོགཔ་གཞུང་གིས་དབང་བའི་ལས་སྡེ་ནང་ལཱ་འབད་མི་ཚུ་ ཚོང་པ་དང་བརྡ་བརྒྱུད་མཁས་མཆོག་ལ་སོགས་པ་ཚུ་ གེ་ར་ཚང་སྟེ་ཡོདཔ་ཨིན། གསར་ཤོག་ཚད་འཛིན་ཡིག་ཚང་དེ་ ངོ་མ་སྦེ་བཟོ་བཀོད་དང་བཀོལ་སྤྱོད་འབད་ནི་དེ་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༡ པའི་ཚེས་ ༡ ལས་འགོ་བཙུགས་ཡོདཔ་ཨིན།
བྷུ་ཊན་ཊཡེམསི་
(Bhutan Times) གི་གསར་ཤོག་ཚད་འཛིན་དེ་ གཞི་བཙུགས་འབད་བའི་སྐབས་ མ་རྩ་དངུལ་ཀྲམ་ས་ཡ་ ༤༠ དེ་ཅིག་དང་ བགོ་བཤའ་འཆང་མི་ མི་ངོ་ཡོངས་བསྡོམས་ ༢༨༨ དེ་ཅིག་སྡོད་ནུག། གསར་ཤོག་ཚད་འཛིན་དེ་ཡང་ འགོ་དང་པ་ར་ཐིམ་ཕུག་ལྕང་ཟམ་ཏོག་ལུ་སྦེ་ འགོ་བཙུགས་ཡོདཔ་ཨིན་རུང་ དགེ་ལེགས་ཕུག་ལུ་ཡང་ གནས་ཚུལ་སྙན་ཞུ་པའི་ཡིག་ཚང་སྡོད་ཡོདཔ་མ་ཚད་ བཀྲིས་སྒང་དང་ཕུན་ཚོགས་གླིང་ལུ་ཡང་ ཡན་ལག་ཡིག་ཚང་འགོ་བཙུགས་ནིའི་ རེ་འདོད་བསྐྱེད་དེ་སྡོད་ནུག། ཡིག་ཚང་དེ་ལས་བརྟེན་ ས་སྒོ་དེ་ཁར་སྡོད་མི་ མི་མང་རབས་ཅིག་ལུ་ཕན་ཐོགས་འབྱུང་བཅུག་ནིའི་ དམིགས་པ་ཚུ་ཡང་བསྐྱེད་དེ་སྡོད་ནུག། ཡིག་ཚང་དེ་ནང་ལས་གཡོགཔ་ ༡༠ དེ་ཅིག་ཡོད་ས་ལས་ ལས་གཡོགཔ་ ༥ དེ་ གནས་ཚུལ་བསྡུ་ལེན་པ་ མཁས་མཆོག་དང་ལ་ལུ་ཞུན་དག་འབད་མི་ ལ་ལུ་དངུལ་རྩིས་འགོ་དཔོན་ ལ་ལུ་རིས་མོ་བཟོ་བཀོད་འབད་མི་དང་ ལ་ལུ་གསར་ཤོག་བཀྲམ་སྤེལ་འབད་མི་ ལ་སོགས་པ་ཚུ་ལུ་ གོ་སྐབས་སྤྲོད་དེ་སྡོད་ནུག། ལས་ཚན་དེ་མཁས་མཆོག་ཅིག་གི་འགོ་འདྲེན་ཐོགས་ སྡེ་ཚན་ ༥ ནང་བགོ་བཀྲམ་འབད་དེ་འདུག།
བྷུ་ཊན་ཊཡེམསི་
(Bhutan Times) གི་ཡིག་ཚང་དེ་གིས་ ད་ལྟོའི་བར་ན་ཡང་ཁྱབ་བསྒྲགས་ སྤེལ་བསྒྲགས་དང་ཚོང་བསྒྲགས་ལ་སོགས་པ་ཚུ་བྱིན་ནིའི་རིམ་ལུགས་སྤྲོད་དེ་ར་ཡོདཔ་ཨིན། དེ་འབདཝ་ལས་གསར་ཤོག་དེ་གིས་ ད་ལྟོའི་བར་དུ་ཡང་ཡོངས་འབྲེལ་དང་ ཡོངས་འབྲེལ་འཆར་སྒོ་ ལྷག་པར་དུ་མི་སྡེ་བརྡ་བརྒྱུད་ལ་སོགས་པ་ཚུ་ནང་ལས་ཕར་ ཁག་ཆེ་བའི་གསལ་བསྒྲགས་དང་ཁྱབ་བསྒྲགས་ལ་སོགས་པ་གཏང་ནིའི་ རྒྱུན་ལམ་ཐོབ་ཡོདཔ་ཨིན། ད་རེས་ཀྱི་དུས་ལུ་ ན་གཞོན་མང་རབས་ཅིག་ མི་སྡེ་ལ་སོགས་པ་ཚུ་ལག་ལེན་འཐབ་དོ་ཡོདཔ་ལས་ གནས་ཚུལ་དང་ལཱ་གི་ས་སྟོང་གསལ་བསྒྲགས་ཚུ་གེ་ར་ དེ་ནང་ལས་འཐོབ་ཚུགསཔ་བཟོ་ཡོདཔ་ལས་ ག་ཅི་དེ་འཇམ་ཏོང་ཏོ་བཟོ་ཡོདཔ་ཨིན།
གསར་ཤོག་དེ་གིས་གནས་ཚུལ་ཚུ་ཡང་ རྒྱལ་ཡོངས་དང་རྒྱལ་སྤྱི་གི་དབྱེ་ཁག་གཉིས་དང་ ལྷག་པར་དུ་ཚོང་འབྲེལ་ ཁྲིམས་དང་འབྲེལ་བའི་གནས་ཚུལ་ སྲིད་དོན་དང་འབྲེལ་བའི་གནས་ཚུལ་ གཟུགས་ཁམས་དང་སེམས་ཁམས་འབྲེལ་བའི་གནས་ཚུལ་ ཤེས་རིག་ རང་བཞིན་གནས་སྟངས་ ན་གཞོན་དང་ཨམ་སྲུ་དེ་ལས་རྩེད་རིགས་ རང་སོའི་བསམ་འཆར་བཀོད་ནི་དང་ ཞུན་དག་པའི་འཆར་རྩོམ་ལ་སོགས་པའི་ དབྱེ་བ་ལེ་ཤ་ཅིག་བསྡུ་སྒྲིག་འབད་དེ་ གསར་ཤོག་བཀྲམ་སྤེལ་འབདཝ་མ་ཚད་ ཡོངས་འབྲེལ་དང་མི་སྡེ་བརྡ་བརྒྱུད་ལ་སོགས་པ་ཚུ་ལས་ཡང་ གནས་ཚུལ་ཚུ་འཐོབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན། གསར་ཤོག་དེ་འབྲུག་རྒྱབ་ནང་ལུ་ གཞུང་གི་དབང་བའི་གསར་ཤོག་ཀུན་གསལ་གྱི་ ཤུལ་ལུ་གཞི་བཙུགས་འབད་བའི་ཤུལ་མ་ རྒྱལ་ཁབ་ནང་གསར་ཤོག་གཉིས་པ་སྦེ་ཆ་བཞག་ཡོད་པའི་ཁར་ སྒེར་གྱིས་དབང་བའི་གསར་ཤོག་དང་པ་སྦེ་ཆ་བཞགཔ་ཨིན།
གསར་ཤོག་ཡིག་ཚང་དེ་གིས་ ཤོག་གྲངས་ ༣༢ འབད་མི་གནས་ཚུལ་བསྡུ་སྒྲིག་དེ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་ དྲི་བ་དྲིས་ལན་འབད་དེ་ པར་སྐྲུན་འབད་བའི་ཤུལ་མ་ འབྲུག་ལུ་ཡོངས་གྲགས་ཅན་གྱི་ གསར་ཤོག་ཅིག་ལུ་གྱུར་ནུག། འབྲུག་ལུ་གནས་ཚུལ་ལས་ཁང་ཚུ་ནང་ བཀག་ཆ་མེད་པར་རང་དབང་སྤྲོད་ནི་དེ་ རྒྱལ་ཁབ་ཡར་རྒྱས་འགྱོ་ནི་དང་ དམངས་གཙོའི་རིམ་ལུགས་ཀྱི་མི་སྡེ་བཟོ་ནིའི་ ལྟ་བ་ཅིག་འབདཝ་ལས་བརྟེན་ཨིན། བྷུ་ཊན་ཊཡེམསི་
(Bhutan Times) དེ་འགོ་བཙུགས་པའི་སྐབས་ བདུན་ཕྲག་གཅིག་ནང་ཚར་གཅིག་ལས་ གནས་ཚུལ་ཚུ་བཀྲམ་སྤེལ་འབད་སྲོལ་མེད་རུང་ ཤུལ་ལས་སྤྱི་ལོ་ ༢༠༠༧ ལུ་ བདུན་ཕྲག་ནང་ ཚར་གཉིས་དཔེ་སྐྲུན་འབད་ནི་འགོ་བཙུགས་ཏེ་ རེས་གཟའ་ཕུརཔ་དང་ཟླཝ་ཨ་རྟག་ར་དཔེ་སྐྲུན་འབད་སྲོལ་འགོ་བཙུགས་ནུག།
བྷུ་ཊན་ཊཡེམསི་
(Bhutan Times) ཚད་འཛིན་ཡིག་ཚང་དེ་ གནས་ཚུལ་བསྡུ་ལེན་པ་དང་ཞུན་དག་པ་ ན་གཞོན་སྡེ་ཚན་གཅིག་གིས་འཛིན་སྐྱོང་འབད་དེ་ འབྲུག་ལུ་གནམ་མེད་ས་མེད་མིང་གཏམ་དང་ཤུགས་ཐོན་ཏེ་ དུས་ཚོད་གཅིག་ནང་ལས་གཡོགཔ་བསྡོམས་ ༩༨ དེ་ཅིག་ལེན་ཚུགས་ཡོད་རུང་ སྤྱི་ལོ་ ༢༠༡༩ ནང་ལུ་ ལས་གཡོགཔ་ ༡༠ རྐྱངམ་གཅིག་མ་གཏོགས་མ་ལུས་པས། ད་རེས་འབྲུག་དུས་ཚོད་ཀྱི་ཞབས་ཏོག་ལེན་མི་ མི་སྡེ་བརྡ་བརྒྱུད་ཀྱི་རིམ་ལུགས་ ཕེས་བྷུག་ནང་མི་ངོ་ཡོངས་བསྡོམས་ ༦༤,༠༠༠ ཨིནས་ཊ་གཱརམ་ནང་ ༤,༠༥༡ ཊུའི་ཊར་ནང་ ༨,༡༢༧ དེ་ཅིག་ཡོདཔ་ལས་ ད་རེས་ཀྱི་བར་དུ་ཡང་ འབྲུག་ལུ་གནས་ཚུལ་མི་དམངས་ལུ་བརྡ་སྤྲོད་འབད་ནི་ལུ་ གནམ་མེད་ས་མེད་ཕན་ཐོགས་ཏེ་ཡོདཔ་ཨིན།
སྒེར་གྱི་དབང་བའི་ཡིག་ཚང་དེ་བཟུམ་ གཞི་བཙུགས་འབད་མི་ལུ་བརྟེན་ རྒྱལ་ཁབ་ནང་ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་བསལ་ནི་དང་ ན་གཞོན་ཚུ་ལུ་གོ་སྐབས་སྤྲོད་དེ་ ཉམས་མྱོང་དང་ཡོན་ཏན་ཚུ་ གོང་འཕེལ་གཏང་ནི་དང་ ལྷག་པར་དུ་འབྲུག་པའི་མི་ཚུ་ལུ་ རང་གི་མཐའ་འཁོར་ལུ་ག་ཅི་ར་འབད་དོ་ག་དང་ འཛམ་གླིང་ནང་ལུ་འགྱུར་བ་དང་དཀའ་ངལ་ག་ཅི་ར་བྱུང་ཡོདཔ་ཨིན་ན་ཚུ་ ཁ་གསལ་གོ་བ་བརྡ་སྤྲོད་འབད་མི་ བརྡ་བརྒྱུད་ཀྱི་རིམ་ལུགས་ཅིག་ཨིན། རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ གསར་ཤོག་ཚུ་དཔེ་སྐྲུན་འབད་དེ་ བཀྲམ་སྤེལ་འབད་ཚུགས་ནི་ལུ་ ལ་ཁག་ཡོད་རུང་ཡོངས་འབྲེལ་ཐོག་ རིམ་ལུགས་མ་འདྲཝ་བཟོ་ཡོདཔ་ལས་ བརྡ་སྤྲོད་མི་ཚུགས་ནིའི་ཉེན་ཁ་མེདཔ་ཨིན། ལྷག་པར་དུ་ཤོག་ཀུ་ཉུང་སུ་འཐོན་མི་དེ་གིས་ ཚོང་འབྲེལ་ལུ་ གནོད་པ་ཡོད་རུང་ རང་བཞིན་གནས་སྟངས་ལུ་ཡང་ ག་ཅི་དེ་ཕན་པ་མཐོ་ཤོས་སྦེ་བྱུང་ཡོདཔ་ཨིན། དེང་སང་གི་དུས་ལུ་ མཁས་པ་ཚུ་གིས་ ཡོངས་འབྲེལ་ཐོག་མཁོ་མངགས་འབད་བཏུབ་པའི་ རིམ་ལུགས་བཟོ་ཡོདཔ་ལས་ གསར་ཤོག་ལས་སྡེ་དེ་གིས་ཡང་ རིམ་ལུགས་དེ་ལག་ལེན་ཐོག་ མི་ཚུ་གནས་ཚུལ་མ་འདྲཝ་ཚུ་ འཐོབ་ཚུགསཔ་བཟོ་སྟེ་ཡོདཔ་ཨིན།

ཁུངས་གཏུག།

ཞུན་དག
  1. Retrieved from: https://web.archive.org/web/20220401062910/https://bhutantimes.bt/
  2. Retrieved from: https://m.facebook.com/bhutantimes1/
  3. Retrieved from: https://en.m.wikipedia.org/wiki/Bhutan_Times
"https://dz.wikipedia.org/w/index.php?title=བྷུ་ཊན་ཊཡེམསི།&oldid=33349" ལས་ སླར་འདྲེན་འབད་ཡོདཔ།