བློ་ལྡན་གཞི་ཚོགས།

༉ བློ་ལྡན་གཞི་ཚོགས་འདི་ ཤེས་རིག། མི་སྡེའི་ཚོང་ལཱ། རྒྱལ་ཁབ་ཀྱི་ལམ་ལུགས་སྲོལ་ཚུ་གོང་འཕེལ་བཏང་སྟེ་ དགའ་སྐྱིད་དང་ལྡན་པའི་མི་སྡེའི་འཚོ་སྐྱོང་ལུ་དམིགས་ཏེ་ འབྲུག་རྒྱལ་ཁབ་ནང་ཡོད་པའི་མི་སྡེའི་ལས་ཚོགས་ཀྱི་གྲོས་སྟོན་འོག་ལུ་ ཐོ་བཀོད་འབད་དེ་ཡོད་པའི་གཞི་་ཚོགས་ཅིག་ཨིན་མས།
གཞི་ཚོགས་འདི་གི་མིང་དེ་ཡང་ དེའི་ལམ་སྲོལ། རྒྱལ་རབས། ཤེས་ཡོན་གྱི་དོན་འབྲས་ཚུ་གུར་གཞི་བཞག་སྟེ་ བློ་ལྡན་ཟེར་བཏགས་བཏགསཔ་ཨིན་མས། བློ་ལྡན་ཟེར་ཐད་ཀར་གྱི་གོ་དོན་འདི་འབད་བ་ཅིན་ བློ་རིག་དང་ལྡན་མི་ཅིག་ལུ་གོ་ནི་དང་ དེ་ཡང་ ཤེས་རབ་དང་ལྡན་པ་དང་ཐོས་རྒྱ་ཅན་གྱི་གོ་གནས་ལུ་གོ་ནི་དང་། དེ་མ་ཚད་ འབྲུག་རྒྱལ་ཁབ་ནང་ལུ་ནང་པའི་ཆོས་ལུགས་འགོ་དང་པ་གཞི་བཙུགས་གནང་མི་ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས། སངས་རྒྱས་དང་འཇམ་དབྱངས་ཀྱི་ཐ་སྙད་ལུ་གོ་ནི་ཨིན་མས། བློ་ལྡན་གཞི་ཚོགས་ཀྱི་དམིགས་དོན་འདི་ཡང་གཙོ་བོ་ར་ ཆོས་བདག་མེད་ཀུན་ལ་ཐོབ་ཐང་ཡོད། ཟེར་དོ་བཟུམ་སྦེ་ ཤེས་བྱ་ལུ་བདག་པོ་ཟེརཝ་མེདཔ་ལས་འདི་འགྲོ་བ་མི་ག་ར་ལུ་ཐོབ་དབང་ལྡནམ་ཨིན་ཟེར་ཨིན་མས། གཞི་ཚོགས་འདི་གི་ལས་རྟགས་འདི་གིས་ག་ཅི་བརྡ་མཚོན་སྟོནམ་སྨོ་ཟེར་བ་ཅིན་ ཤེས་རབ་དང་བློ་གྲོས་བྱིན་ནིའི་བརྡ་སྟོནམ་ཨིན་མས། ལས་རྟགས་འདི་ཡང་ ཆོས་ཀྱི་པོ་ཏི་གྲུ་བཞི་ནར་མོའི་སྒྲིག་བཀོད་འབད་ཡོདཔ་དང་ ཆོས་པོ་ཏི་འཛིན་མིའི་ལགཔ་འདི་གི་བརྡ་མཚོན་ཡང་ཤེས་བྱ་གི་ཕྱག་མཇལ་ རབ་ཨིན་པའི་བརྡ་སྟོནམ་ཨིན་མས།
བློ་ལྡན་གཞི་ཚོགས་ཀྱི་ལས་རིམ་བརྩམ་སའི་ས་ཁོངས་ཡང་ ཤེས་རིག། ཚོང་འབྲེལ་གྱི་ལཱ། རྒྱལ་ཁབ་ཀྱི་ལམ་སྲོལ་དང་སྔར་སྲོལ་ལ་སོགས་པའི་ཐོག་ལས་ལས་རིམ་བརྩམ་དོ་ཡོདཔ་ཨིན་མས། དེ་ཡང་ དང་པ་ཤེས་རིག་ནང་ལུ་འབད་བ་ཅིན་ སྤྱི་ལོ་ ༡༩༩༩ འི་ལོ་ལུ་ ལས་ཁུངས་འདི་གི་སྲིད་འཛིན་མཁས་དབང་་ཀརྨ་ཕུན་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་གཡུས་སྒོ་མཐའ་ཟུར་ཅིག་ནང་་སྡོད་མི་ཨ་ལུ་་བུམོ་གཅིག་གི་ཤེས་ཡོན་མཐར་བཀལ་ནིལུ་ཕན་ཐབས་སྦེ་་ ཡུ་ནའི་ཊེཊི་ཀིང་ཌོམ་ལས་ཞལ་འདེབས་ཆུང་ཀུ་ཅིག་ལེན་ཡོདཔ་ཨིན་མས། བློ་ལྡན་གཞི་ཚོགས་ཀྱིས་གྲོགས་རམ་འབད་བའི་ཐོག་ལས་ བུམོའདི་ད་ལྟོ་ང་བཅས་རའི་རྒྱལ་ཁབ་ཀྱི་སློབ་གྲྭ་ཅིག་ནང་སློབ་དཔོན་སྦེ་ཕྱག་ཞུ་དོ་ཡོདཔ་དང་མོ་རའི་ཨ་ལུ་་ཚུ་བདག་འཛིན་འཐབ་དོ་ཡོདཔ་ཨིན་མས། ད་ལྟོ་ཚུན་ཚོད་ཀྱི་བར་ན་ བློ་ལྡན་ཤེས་རིག་གི་ཐབས་ཤེས་ལས་བརྟེན་ཨ་ལུ་ལུ་རྒྱབ་སྐྱོར་གྱི་ལས་རིམ་གྱི་སྐབས་ལུ་ ཨ་ལུ་ ༡༨༢ དེ་ཅིག་ལུ་གྲོགས་རམ་འབད་ཡོདཔ་དང་། གཙུག་ལག་གཞི་རིམ་སློབ་ཕྲུག་ན་གཞོན་ ༥༨ དེ་ཅིག་ལུ་ཕྱི་རྒྱལ་དང་རྒྱལ་ཁབ་ནང་འཁོད་ལུ་མཐོ་རིམ་སློབ་གྲྭ་ལྷབ་སྦྱང་འབད་ནིའི་གྲོགས་རམ་ཡང་གནང་ཡོདཔ་ཨིན་མས། དེ་དང་གཅིག་ཁར་སྐྱེས་ལོ་ལྔ་མན་ཆད་ཀྱི་ཨ་ལུ་་ ༡༡༧ དེ་ཅིག་ཡང་རྒྱལ་ཁབ་ནང་ཡོད་པའི་བློ་ལྡན་སློབ་སྦྱོང་ལྟེ་བའི་ཨ་ལུ་གཅེས་སྐྱོང་དང་ཡར་སྐྱེད་ནང་བཙུགསཡོདཔ་ཨིན་མས།
གཉིས་པ་ ཚོང་འབྲེལ་གྱི་ལཱ་འབད་བ་ཅིན་ སྤྱི་ལོ་ ༢༠༠༨ ལས་འགོ་བཟུང་ བློ་ལྡན་གཞི་ཚོགས་ཀྱིས་འབྲུག་པའི་ན་གཞོན་ཚུ་ལུ་ ཤེས་ཡོན་ལྷབ་སྦྱང་འབད་ཚར་བའི་ཤུལ་ལུ་ མི་ཚེའི་ནང་དོན་སྨིན་ཅན་གྱི་ལཱ་འབད་དེ་མི་ཚེ་སྐྱོང་ནིའི་དོན་ལུ་ མ་དངུལ་གྱི་ཐོག་ལས་རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་མས། རྒྱལ་ཁབ་ནང་བློ་ལྡན་གཞི་ཚོགས་ཀྱིས་ རེ་འདོད་ཅན་གྱི་ཚོང་དཔོན་ ༥༠༠༠ དེ་ཅིག་ལུ་སྦྱོང་བརྡར་བྱིན་ཡོདཔ་དང་། རྫོང་ཁག་ ༡༨ ནང་ཚོང་ལཱ་འབད་མི་ ༢༠༠ དེ་ཅིག་ལུ་མ་དངུལ་གྱི་རྒྱབ་སྐྱོར་བྱིན་ཡོདཔ་ཨིན་མས། ཚོང་འདོད་སྐྱེད་མིའི་ནང་ལས་ ༧༢ འདི་ཨམ་སྲུ་ཚུ་ཨིན་མས། བློ་ལྡན་གཞི་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་དང་བཟོ་རིག་སྦྱོང་བརྡར་གཙུག་སྡེའི་སློབ་ཕྲུག་ཚུ་ལུ་ ཚོང་ལཱ་གོང་འཕེལ་གྱི་ཐོག་ལས་སློབ་ཕྲུག་ལྕོགས་གྲུབ་ཅན་བཟོ་ནིའི་༼ཨསི་ཨི་ཨི་ཌི༽ ཟེར་བའི་ལས་རིམ་གྱི་ཐོག་ལས་ ཚོང་ལཱ་གི་སྐོར་ལས་ཤེས་ཡོན་བྱིན་ནི་ལུ་དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་མས།
གསུམ་པ་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་སྔར་སྲོལ་གྱི་ཐད་ཁར་ ང་བཅས་རའི་རྒྱལ་ཁབ་འདི་མགྱོགས་པ་་སྦེ་འགྱུར་བ་འགྱོ་དོ་ཡོདཔ་དང་ དེ་དང་གཅིག་ཁར་ ང་བཅས་རའི་རྒྱལ་ཁབ་ཀྱི་སྔར་སྲོལ་གྱི་ལམ་ལུགས་བཟང་པོ་ཚུ་ཡང་དུས་ཀྱི་འགྱུར་བ་དང་བསྟུན་འགྲོས་ཀྱིས་སྦེ་འགྱུར་འགྱོ་དོ་ཡོདཔ་ལས་བློ་ལྡན་གཞི་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ལམ་སྲོལ་ཚུ་ཉམས་སྲུང་འབད་ནི་ལུ་གཙོ་བོར་བཏོན་དོ་ཡོདཔ་ཨིན་མས། བློ་ལྡན་གཞི་ཚོགས། ༢༠༢༡

The Loden Foundation official logo

ཁུངས་གཏུག།

ཞུན་དག
  1. Loden Foundation. (2021). About Loden Foundation. Retrieved from Our Story: https://loden.org