བྲག་དཀར་པོ།
བྲག་དཀར་པོ།
༉ བྱིན་རླབས་ཅན་གྱི་གནས་བྲག་དཀར་པོ་འདི་ སྤ་རོ་ལྷོ་ཕྱོགས་ཁ་ཐུག་ མཐོ་ཚད་མི་ཊར་ ༢༦༥༠ དེ་ཅིག་ས་ཁར་ ཤར་པ་རྒེད་འོག་ནང་ཆགས་ཏེ་འདུག། གནས་དེ་ཁར་འགྱོ་ནི་གི་དོན་ལུ་ སྤ་རོ་ཁྲོམ་ཁ་ལས་ སྣུམ་འཁོར་ནང་ཆུ་ཚོད་ ༡ དང་སྐར་མ་ ༣༠ དེ་ཅིག་འགྱོ་ཞིནམ་ལས་ རྐང་སྟོང་སྦེ་སྐར་མ་ ༡༠ དང་ ༡༥ དེ་ཅིག་འགྱོ་དགོ་དོ་ཡོདཔ་ཨིན། དེ་ཡང་ སྤ་རོ་ཁྲོམ་གྱི་སྣུམ་འཁོར་འཛོམས་ལམ་ལས་འགྱོ་བ་ཅིན་ ཀི་ལོ་མི་ཊར་ ༧ དེ་ཅིག་ འགྱོ་དགོ་དོ་ཡོདཔ་ཨིན། དེ་ཁར་ བྱག་སྦོམ་གཅིག་གི་བཀོད་པ་ལུ་ལྷ་ཁང་བཞེངས་ཏེ་ཡོད་མི་འདི་ ཧེ་མ་ དུས་རབས་ ༨ པའི་ནང་ གུ་རུ་རིན་པོ་ཆེ་དངོས་སུ་སྦེ་སྒོམ་ཉམས་ལེན་གནང་སྟེ་བཞུགས་པའི་ས་གནས་ཅིག་ཨིན་མས། གུ་རུ་རིན་པེ་ཆེ་གི་སྐུ་ཡི་འོད་ཟེར་ གསུང་གི་འོད་ཟེར་ ཐུགས་ཀྱི་འོད་ཟེར་དང་ ཡོན་ཏན་གྱི་འོད་ཟེར་ ཟེར་གནས་ཁག་བཞི་ཡོད་ས་ལས་ སྐུ་ཡི་འོད་ཟེར་འདི་ བྲག་དཀར་པོ་འདི་ཨིན་མས།(གནས་ཡིག་ཀུན་ཕན་ལམ་སྟོན། ༢༠༡༥) གནས་འདི་ མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་དང་གུ་རུ་རིན་པོ་ཆེ་གི་སྐུ་ཡི་གནས་སྦེ་བྱིན་གྱི་རླབས་གནངམ་ལས་བརྟེན་ཏེ་ གནས་འདི་ སྐུ་ཡི་གནས་རྩ་ཅན་ཅིག་སྦེ་རྩིཝ་ཨིན་པས།
གནས་འདི་ གནས་ཡིག་ཀུན་ཕན་ལམ་སྟོན་ (གནམ་ལོ་མེད། ༢༠༡༣ ཤོག་གྲངས་ ༢༣༥) ལས་ “མདུན་ནས་བལྟས་ན་ཞི་བ་འདྲ། །རྒྱབ་ནས་བལྟས་ན་ཁྲོ་བོ་འདྲ། །གཡོན་ནས་བལྟས་ན་ཞི་མ་ཁྲོ། །གཡས་ནས་བལྟས་ན་དཀྱིལ་འཁོར་འདྲ།། གནས་མཆོག་དམ་པ་འདི་ ཕྱི་ལྟར་ཙིཏྟའི་དབྱིབས་དང་འདྲ་བ་ ནང་ལྟར་པད་མ་འོད་ཀྱི་ཕོ་བྲང་དང་ གསང་བ་ལྟར་ན་མངོན་པར་དགའི་ཞིང་ཁམས་སྦེ་བརྩི་བའི་ཁར་ རིགས་གསུམ་མགོན་པའི་བཞུགས་གནས་སྦེ་ཡང་རྩིཝ་ཨིན་པས།” ཟེར་གསུང་བཞག་ནུག། བྱག་དེའི་དབྱིབས་འདི་ གཏེར་གྱི་སྒྲོམ་བཟུམ་ཡོད་པའི་ཁར་ གནས་དེའི་གཡས་གཡོན་ལས་ཕར་ གུ་རུ་རུ་རིན་པོ་ཆེ་མཆོག་གིས་ ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རླབས་གནང་བའི་གནས་མ་འདྲཝ་ཚུ་གིས་བསྐོར་ཏེ་ཡོདཔ་ཨིན།
གནས་ཀྱི་ལྷ་ཁང་ནང་ལུ་ གུ་རུ་སྒྲུབ་པ་གནང་སའི་སྒྲུབ་ཕུག་མཇལ་ཚུགསཔ་དང་ སྒྲུབ་ཕུག་འདི་ གུ་རུ་རིན་པོ་ཆེ་གིས་བྱག་གི་རྡོ་འདི་གཉིས་བཀག་རྐྱབ་ཏེ་བཀག་བཏང་བཏངམ་བཟུམ་ཡོདཔ་ཨིན། རྡོ་འདི་གུར་གུ་རུ་རིན་པོ་ཆེ་གི་ ཕྱག་རྗེས་དང་ དཀྱིལ་འཁོར་གྱི་ལྷ་ཚོགས་ཚུ་ཡང་མཇལ་ཚུགས། གཞན་ཡང་ ལྷ་ཁང་དེ་ནང་ གུ་རུའི་ཞབས་ལྷམ་ རྗེ་བཙན་སྒྲོལ་མའི་བྷ་ག་ རྗེ་བཙུན་འཇམ་དཔལ་དབྱངས་ མཁའ་འགྲོ་རྡོ་རྗེ་ཕག་མོའི་བརླ་གཡས་གཡོན་ དཔག་བསམ་ལྗོན་ཤིང་གི་སྤྱི་ཏོག་ཚུ་མཇལ་ཚུགས་པའི་ཁར་ ཡོན་ཏན་འོད་ཟེར་གྱི་རྡོའི་མེ་ལོང་། ལྷ་ཁང་གི་ཤར་ལྷོ་ནུབ་བྱང་ལུ་ཁྲུས་ཀྱི་རྫིང་བུ། གཡས་ལུ་གསེར་གྱི་མཎྜལ་བརྒྱ་དང་རྩ་བརྒྱད། རང་གིས་སྡིག་པ་བསགས་པའི་ལས་ཚུ་དག་ནི་གྱི་ལས་སྒྲིབ་ཕྱེ་ས་ རྡོ་འོག་ལས་འཛུལ་སའི་དོང་ཚུ་ཡང་ཡ་མཚན་ཆེ་ཏོག་ཏོ་སྦེ་མཇལ་ཚུགས། དེ་གིས་ཡང་མ་ཚད་ བྱག་དུང་དཀར་ ཚེ་བུམ་ རྡོའི་མཎྜལ་ གུ་རུའི་ཞབས་རྗེས་ གུ་རུའི་བཞུགས་ཁྲི་ རྡོ་རྗེ་ཕག་མོའི་དབུ་ ཐུག་སྲས་ཟླ་བ་གིས་གཏེར་བཞེས་སའི་ཤུལ་ མཁའ་འགྲོ་མའི་བཞུགས་ཁྲི་ རྡོའི་གླང་ཆེན་ གུ་རུའི་ཕྱག་ཕྲེང་དང་ བླ་མ་ནམ་མཁའི་སྙིང་པོ་སྐུ་ཕྲེང་དང་པའི་ཞབས་རྗེས་ སྒྲུབ་ཕུག་དང་ སྐུ་གཟུགས་རང་བྱོན་ཚུ་མཇལ་ཚུགས་པས།
ས་གོ་དེ་ནང་གནས་གཞན་ཡང་ འདོད་འཇོ་བའི་དབུ་ མཁའ་འགྲོ་མའི་གསོལ་ཐབ་ བླམ་འབྲུག་པ་ཀུན་ལེགས་ཀྱི་ཞབས་རྗེས་ རྒྱལ་དབང་རྗེའི་ཞབས་རྗེས་ ཐང་སྟོང་རྒྱལ་པོའི་ཞབས་རྗེས་ གུ་རུ་རྫོང་བྲག་ལུ་འཕུར་བྱོན་པའི་ཞབས་རྟིང་གི་ཤུལ་ གུ་རུ་རིན་པོ་ཆེ་གི་སྤ་འཁར་བཙུགས་པའི་ཤུལ་ མཁའ་འགྲོ་ཡི་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ མཁས་པ་བེཻ་རོ་ཙཱ་ནའི་ཕྱག་རྗེས་ རྡོའི་གཏོརམ་དང་ ཀླུ་མོའི་རྡོ་ཚུ་ཡང་མཇལ་ཚུགས། བྱག་གུར་མཁའ་འགྲོ་མ་འབུམ་གྱིས་ ཚོགས་འབུམ་ཕུལ་ས་དང་ དེ་གི་རྩ་བར་ དུར་ཁྲོད་གཅིག་མཇལ་ཚུགས། དུར་ཁྲོད་འདི་ པདྨ་བརྩེགས་པ་བཟུམ་ཡོད་པའི་ཁར་ གལ་སྲིད་ རང་གིས་མནོ་བསམ་འདི་ “ད་རིས་ང་ཤི་སོང་ཡི་མས་” ཟེར་བཏང་སྟེ་ དུར་ཁྲོད་ནང་ན་འཛུལ་བ་ཅིན་ ལཱ་ངན་གྱིས་བསགས་པའི་ལས་སྒྲིབ་ཚུ་དག་པའི་ནུས་པ་ཡོད་པའི་ཁར་ རྫོགས་པའི་སངས་རྒྱས་ཀྱིི་གོ་འཕང་འཐོབ་པའི་ནུས་ཤུགས་ཡོདཔ་ཨིན་ཟེར་སླབ་སྲོལ་འདུག། དེ་ལས་ ལྷ་ལྕམ་མཎྜ་ར་བ་གིས་གླུ་གར་ཕུལ་སའི་ཤུལ་ ཀླུ་བདུད་ནག་པོ་སྡིག་པ་རཱ་ཛྲ་ལུ་སྤྲུལ་སྟེ་ བྱག་ནང་ཐིམ་སོང་བའི་རྡོ་ཡང་མཇལ་ཚུགས་པས། ང་བཅས་ཀྱིས་རྡོ་འདི་ལུ་སྨོན་ལམ་བཏབ་པ་ཅིན་ ཀླུ་དང་ཀླུ་བདུད་ཚུ་གི་གནོདཔ་མི་བཀལ་ཟེར་བའི་ལོ་རྒྱུས་ཡང་བཤད་སྲོལ་འདུག། དོ་རུང་ གུ་རུ་རིན་པོ་ཆེའི་ཆིབས་རང་བྱོན་དང་ གུ་རུ་རིན་པོ་ཆེའི་འི་ཕྱག་ཐམ་ཚུ་ ག་ནི་བ་བྱིན་རླབས་བྱིན་རླབས་ཅན་སྦེ་མཇལ་ཚུགསཔ་ཨིན། བྲག་དཀར་པོ་འདི་ གུ་རུའི་སྐུ་ གསུང་ ཐུགས་དང་ ཡོན་ཏན་གྱི་འོད་ཟེར་བཞི་ག་ར་ཚང་བའི་གནས་རྩ་ཅན་གཅིག་ཨིན་མས།
བྲག་དཀར་པོའི་གནས་འདི་ ལྟ་བཤལ་པ་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གཅིག་མེན་རུང་ འབྲུག་མི་ཚུ་གི་དོན་ལུ་ བྱིན་རླབས་ཅན་གྱི་གནས་རྩ་ཅན་ཅིག་སྦེ་རྩི་དོ་ཡོདཔ་ཨིན་མས། གནས་འདི་ གུ་རུ་རིན་པོ་ཆེ་གི་གནས་རྩ་ཅན་ཅིག་འབདཝ་ལས་ རྣལ་འབྱོར་པ་དང་ བླ་སློབ་བཁན་སྤྲུལ་མང་ཤོས་ར སྒོམ་ཉམས་ལེན་འབད་བར་བྱོན་དོ་ཡོདཔ་ཨིན། ང་བཅས་ཀྱིས་ གནས་འདི་ སྐོར་ར་ ༡༠༨ རྐྱབ་པ་ཅིན་ རང་གིས་ལས་སྒྲིབ་དག་ནི་དང་ རང་གིས་དད་པ་དང་མོས་གུས་སྦོམ་བསྐྱེད་དེ་ སྨོན་ལམ་བཏབ་ དེ་ལས་ ཕྱག་རེ་འཚལ་འབད་བ་ཅིན་ རང་གིས་མནོ་བའི་རེ་དོན་འགྲུབ་ཚུགས་ནི་དང་ བར་ཆད་ཚུ་བསལ་ཚུགས་པའི་ཕན་པ་ལེ་ཤ་ཡོད་ཟེར་གསུངས་ཏེ་འདུག།
རྒྱབ་རྟེན།
ཀུན་བཟང་ཕྲིན་ལས། (༢༠༡༠) དད་པའི་ས་བོན། ཐིམ་ཕུ། ཀེ་ཨེམ་ཀྲི་དཔེ་སྐྲུན་ཁང་།
ཕན་བདེ་ལེགས་བཤད་དབང་ཕྱུག། (༢༠༡༥) གདས་ཡིག་ཀུན་ཕན་ལམ་སྟོན། ཅ་རྙིང་འཛིན་སྐྱོང་སྡེ་ཚན། སྲོལ་འཛིན་ལས་ཁུངས།
Denkar (2019) https://denkarsgetaway.com/drakarpo-the-popular-bhutanese-pilgrims-getaway/