བུ་ལི་སྤྲུལ་སྐུ། Buli Trulku

སྤྲུལ་སྐུའི་ངོ་སྤྲོད།

ཞུན་དག

བུ་ལི་སྤྲུལ་སྐུ་བླམ་བསོད་ནམས་བློ་གྲོས་མཆོག་སྤྱི་ལོ་ ༡༩༤༩ ཟླཝ་ ༡༠ པའི་ཚེས་ ༡༥ ལུ་ སྐུར་སྟོད་ཡག་པོ་གླིང་འོད་གསལ་ཆོས་གླིང་ལྷ་ཁང་ནང་ལུ་ བཀྲིས་སྒང་ལེ་མི་ལས་ཡབ་གདུང་བསམ་ཡུ་རུང་མཁོ་ཆེ་གི་བརྒྱུད་པ་ལས་སློབ་དཔོན་ཕྲིན་ལས་དང་ མོང་སྒར་འབྲས་སྤུང་ལས་ཡུམ་ཨ་ནི་དམ་ཆོས་བཟང་མོ་གི་སྲས་སྦེ་ ཡ་མཚན་ཆེ་བའི་རྟགས་མཚན་ལེ་ཤ་དང་བཅས་སྐུ་འཁྲུངས་ནུག། བུ་ལི་སྤྲུལ་སྐུ་རིན་པོ་ཆེ་མཆོག་དགུང་ལོ་དྲུག་བཞེསཔ་ད་ལུ་ སྐུར་སྟོད་ཕུ་སྙིང་དགོན་པོ་ལུ་བྱོན་ཞིན་ན་ཡི་གུ་འབྲི་ནི་ལུ་སློབ་སྦཡོང་མཛད་པའི་ཤུལ་ལས་ མོང་སྒར་གྲྭ་ཚང་གི་བླམ་ཚེ་རིང་དང་རྟ་མཆོག་དགོན་པའི་སློབ་དཔོན་དབང་ཕྱུག་ལས་ རིག་གནས་ཀྱི་རིགས་ཚུ་གསན་གནང་ནུག། སྤྲུལ་སྐུ་རིན་པོ་ཆེ་གིས་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཁྲིད་གསུམ། ཆོ་ག་ཕྱག་ལེན་དང་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཚུ་སྨུག་པ་མཁར་གྱི་བླམ་སྐལ་བཟང་དང་ འོད་གསལ་ཆོས་གླིང་གྲྭ་ཚང་གི་བླམ་ཡང་མ་རི་ཁྲོད་ལས་གསན་གནང་ནུག། སྤྲུལ་སྐུ་གིས་དབང་ཐང་རིན་པོ་ཆེ་ལས་ཚོགས་ལས་རིན་ཆེན་ཕྲེང་བའི་ཁྲིད་དང་ ཆོས་དབྱིངས་རིན་པོ་ཆེ་ལས་སྤྱོད་འཇུག་གི་ཁྲིད་ཚུ་གསན་གནང་ནུག།

སྤྲུལ་སྐུའི་སྐོར།

ཞུན་དག
 
བུ་ལི་སྤྲུལ་སྐུ་བསོད་ནམས་བློ་གྲོས་མཆོག།

སྤྱི་ལོ་ ༡༩༦༠ ལུ་སྤྲུལ་སྐུ་དགུང་ལོ་ ༡༢ བཞེསཔ་ད་ལུ་ བདེ་ཆེན་ནོར་བུ་གསེར་གྱི་ཐང་དགོན་པ་ལུ་བླམ་བསོད་ནམས་བཟང་པོ། གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ། ཁམས་གོ་ལོག་སྤྲུལ་སྐུ་དང་བྱ་བྲལ་བ་བྱང་ཆུབ་རྡོ་རྗེ་ཚུ་གིས་བུ་ལི་སྤྲུལ་སྐུ་སྦེ་ ངོས་འཛིན་མཛད་དེ་ཁྲི་མངའ་གསོལ་མཛད་གནང་ནུག། དེ་ལས་སྤྱི་ལོ་ ༡༩༦༤ ལུ་བླམ་ཀློང་གྲོལགྱིས་རྒྱབ་སྐྱོར་ལུ་བརྟེན་ཏེ་ ཚེ་ཧེ་མའི་ལས་དང་སྨོན་ལམ་དབང་གིས་རྒྱ་གར་ཀ་ལིང་སྤོང་ལུ་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་མཇལ་ཁ་ཐོབ་ནུག། བུ་ལི་སྤྲུལ་སྐུ་གིས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ལས་ གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཞུ་བའི་ཤུལ་ལས་ སྐྱབས་རྗེ་རིན་པོ་ཆེ་གིས་བུ་ལི་སྤྲུལ་སྐུ་ལུ་ཀློང་ཆེན་རྒྱས་པ་དང་ཤུལ་ལས་ བསོད་ནམས་བློ་གྲོས་ཟེར་བཏགས་གནང་ནུག། དེ་ལས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་གིས་ཁོ་བཀྲིས་སྒང་ཡོན་ཕུ་ལ་གི་་བླམ་དཀར་པོ་འདི་ ཁོ་རའི་རྩ་བའི་བླམ་ཨིནམ་ལས་ཁོ་གི་ལམ་སྟོན་གྱི་འོག་ལུ་སྡོད་དགོ་པའི་བཀའ་རྒྱ་གནང་ནུག།

དེ་ལས་སྤྲུལ་སྐུ་གིས་བླམ་དཀར་པོའི་ཞབས་ལས་དབང་ལུང་ཁྲིད་གསུམ་དང་ རྩ་གསུམ་གཏེར་ཆོས་ཀྱི་མན་ངག་དང་རྫོགས་ཆེན་གྱི་བཀའ་ཁྲིད་ཚུ་ཞུ་ནུག། དེ་ལས་ཚུར་སྤྲུལ་སྐུ་གིས་ཨ་བརྒྱ་ཕུ་སྙིང་ལ། སེངྒེ་རྫོང་དང་འབྲས་ལྗོངས་ཚུ་ནང་ལུ་སྒྲུབ་པ་ལུ་བཞུགས་གནང་ནུག། དེ་ལས་ཡོན་ཕུ་ལ་ཐེག་མཆོག་དར་རྒྱས་དགོན་པ་འདི་གཞི་བཙུགས་གནང་སྟེ་ ད་ལྟོ་འདི་ཁར་དམ་པའི་ཆོས་ལུ་ཐོས་བསམ་སྒོམ་གསུམ་འབད་མི་སློབ་མ་ལེ་ཤ་ཡོདཔ་ཨིན། དེ་ལས་སྤྱི་ལོ་ ༡༩༨༣ ལུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ཁོ་རའི་རྩ་བའི་བླམ་དཀར་པོ་གིས་གནང་མི་བཀའ་དང་ ཤིང་མཁར་ལའུ་རི་གི་མི་སེར་ཚུ་གིས་ཞུ་བ་ཡང་བསྐྱར་ཕུལ་མི་ལུ་བརྟེན་ཏེ་ ཟངས་ཐིག་ལུ་ཞབས་བཅགས་གནང་སྟེ་བསམ་གྲུབ་ལྗོངས་མཁར་རྫོང་ཁག་ལའུ་རི་རྒེད་འོག་ཟངས་ཐིག་ལུ་ཀུན་དགའ་འཇིགས་བྲལ་སེངྒེ་ཆོས་གླིང་གྲྭ་ཚང་གཞི་བཙུགས་མཛད་གནང་ནུག། དེ་ལས་སྤྱི་ལོ་ ༢༠༠༥ ལུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་དང་པོ་བདེན་པ་བཞི་གིས་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་ཏེ་ འགྲོ་འདུལ་གསང་ཆེན་བཤད་གྲྭ་འདི་འགོ་ཐོག་ལུ་དགེ་སློང་དང་ཨ་ནེམོ་ཞལ་གྲངས་ ༦༠ གཞི་བཙུགས་མཛད་དེ་འགོ་བཙུག་གནང་ནུག།

སྤྲུལ་སྐུ་རིན་པོ་ཆེ་ལུ་ད་ལྟོ་ཚོན་ཚོད་རྒྱ་གར་ཨ་རུ་ནཱ་ཅཱལ་པར་དེཤ་ལུ་གཉིས་རྩིས་ཏེ་ བཤད་གྲྭ་དང་གྲྭ་ཚང་དེ་ལས་སྒོམ་སྡེ་བསྡོམས་ཀྱི་བཅུ་གསུམ་ཡོདཔ་ཨིན་མས། དེ་ལས་ལོ་གསུམ་ཕྱོགས་གསུམ་ཚར་མི་མཚམས་པ་བསྡོམས་ཀྱི་ ༣༠༠ དང་དོ་རུང་མཚམས་པ་ ༥༠ ད་ལྟོ་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་གཅད་པའི་བསྒང་ཡོདཔ་ཨིན་མས། དེ་ལས་སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༢༡ ལུ་བདུད་འཇོམས་གཏེར་གླིང་བཤད་གྲྭ་གཞི་ཚོགས་ཟེར་ཁེབ་ས་མེད་པའི་ལས་སྡེ་ཅིག་གཞི་བཙུགས་འབད་དེ་ཡོདཔ་ཨིན་མས། གཞི་ཚོགས་འདི་གིས་དགེ་སློང་དང་ཨ་ནེམོ་དང་ཉམས་ལེན་པ་ཚུ་ལུ་ཕན་ཐོགས་ཡོདཔ་མ་ཚད་ མ་འོངས་པ་ལུ་སངས་རྒྱས་ཀྱི་བསྟན་པ་ལུ་ཕན་སྦོམ་ཐོགས་ནི་ཨིན་མས། (བདུད་འཇོམས་གཏེར་གླིང་བཤད་གྲྭ་གཞི་ཚོགས། གནམ་ལོ་མེད། སྤྱི་ལོ་ ༢༠༡༤)

༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽

Source : Department of Culture and Dzongkha Development.

རྒྱབ་རྟེན་དཔེ་ཐོ།

༡. བདུད་འཇོམས་གཏེར་གླིང་བཤད་གྲྭ་གཞི་ཚོགས། བུ་ལི་སྤྲུལ་སྐུ་གི་རྣམ་ཐར། གནམ་ལོ་མེད། སྤྱི་ལོ་ ༢༠༡༤ ཡོངས་འབྲེལ་ཁ་བྱང་། http://duejomterling.blogspot.com/2014/12/biography-of-buli-tulku.html