བདེ་གཤེགས་མཆོད་རྟེན་བརྒྱད།

༉ མཆོད་རྟེན་ཟེར་མི་འདི་ སཾ་སྐྲི་ཏ་ལེགས་སྦྱར་ལྷའི་སྐད་ལས་ སྟུས་ཟེར་དོན་ལུ་མཆོད་པའི་རྟེན་ནམ་ མཆོད་པ་ཕུལ་བའི་ཡུལ་གྱི་རྟེན་ཅིག་ལུ་སླབ་ཨིན་མས། རྡོ་རྗེ་བཀོད་པའི་རྒྱུད་ལས་ འདོད་ཁམས་དབང་གི་རི་བོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པ་བཅས། ། ཀུན་བཟང་ཕྲིན་ལས། (གནམ་ལོ་མེད་ ༢༠༠༡ ཤོག་གྲངས་ ༡༢༥) ཟེར་གསུངས་ཡོད་དོ་བཟུམ་སྦེ་འབད་བ་ཅིན་ ང་བཅས་ཕྱི་སྣོད་འཇིག་རྟེན་གྱི་ཁམས་འདི་ཡང་ རང་བཞིན་ལྷུན་སྐྱེས་ཀྱི་ མཆོད་རྟེན་ཨིནམ་སྦེ་གསུངས་བཞག་སྟེ་འདུག། སྤྱིར་བཏང་ བོད་ཡུལ་ལུ་སངས་རྒྱས་ཀྱི་བསྟན་པ་མ་དར་བའི་སྔོན་ལས་ མཆོད་རྟེན་བཞེངས་སྲོལ་ཡོདཔ་སྦེ་ ལོ་རྒྱུས་ཡོད་རུང་ རང་རེ་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ མཆོད་རྟེན་བཞེངས་ནིའི་སྲོལ་འདི་ ནམ་ལས་དར་ཡི་ག་ཁ་གསལ་ལོ་རྒྱུས་ག་ནི་ཡང་མེདཔ་ཨིན། ལྷག་པར་དུ་ ནང་པ་སངས་རྒྱས་པའི་ལུགས་ལས་ ཡོངས་གྲགས་ཡོད་པའི་ བདེ་གཤེགས་མཆོད་རྟེན་བརྒྱད་འདི་ སངས་རྒྱས་ཤཀྱཱ་ཐུབ་པ་མཆོག་གི་ མཛད་པ་ཁྱད་པར་ཅན་བརྒྱད་ལུ་ སྐལ་ལྡན་གྱི་སྦྱིན་བདག་ཚུ་གིས སངས་རྒྱས་ཀྱི་མཛད་པ་འདི་ཚུ་ རྗེས་སུ་དྲན་པའི་ཐབས་ལུ མཆོད་པའི་རྟེན་རེ་རེ་ བཞེངས་ཡོད་མི་འདི་ལུ་ བདེ་གཤེགས་མཆོད་རྟེན་བརྒྱད་ཟེར་སླབ་ཨིན་མས། བདེ་གཤེགས་མཆོད་རྟེན་བརྒྱད་ཡང་ པད་སྤུངས་མཆོད་རྟེན། བྱང་ཆུབ་མཆོད་རྟེན། བཀྲ་ཤིས་སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་བཅས་བརྒྱད་ཨིན།

མཆོད་རྟེན་རེ་རེ་གི་ལོ་རྒྱུས་མདོར་བསྡུས།

དང་པ་ པད་སྤུང་མཆོད་རྟེན་འདི་ སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ལྷའི་ཡུལ་ལས་ གཟིགས་པ་རྣམ་པ་ལྔའི་སྒོ་ལས་ འཇིག་རྟེན་མི་ཡུལ་ལུ་ གདུལ་བྱ་རྟག་འཛིན་ཅན་གྱི་དོན་ལུ་ འཕོ་བར་མཛད་དེ་ ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མངལ་ནང་ ལྷུམས་སུ་བཞུགས་ཏེ་ རང་ཟླ་བཞི་པའི་ཚེས་བཅོ་ལྔ་ལུ་ སེར་སྐྱའི་གྲོང་གི་གནས་ལུམ་བི་ནིའི་ཚལ་དུ་ སྐུ་བལྟམས་པའི་ཚེ་ ཕྱོགས་རེ་རེ་ལུ་ གོམ་པ་བདུན་བདུན་སྤོ་མི་ལས་ མེ་ཏོག་པདྨ་བདུན་རེ་སྐྱེས་ཡོད་མི་ལུ་བརྟེན་ དེའི་རྗེས་དྲན་ལུ་ཡབ་རྒྱལ་པོ་ཟས་གཙང་གིས་བཞེངས་ཡོད་པའི་མཆོད་རྟེན་དེ་ལུ་ པད་སྤུངས་མཆོད་རྟེན་ཟེར་སླབ་ཨིནམ་དང་ མཆོད་རྟེན་འདི་བསྟན་པ་འདི་གི་ཐུགས་རྟེན་གྱི་ནང་ལས་ དང་པ་ཨིན་མས།

གཉིས་པ་ སྟོན་པ་ཐུབ་པའི་དབང་པོ་མཆོག་ རྒྱལ་སྲས་སྤངས་ཏེ་ ཁྱིམ་ནས་ཁྱིམ་མེད་པ་རབ་དུ་འབྱུང་ དེ་ལས་ལོ་དྲུག་གི་བར་དུ་དཀའཝ་སྤྱོད་པའི་མཐའ་མར་ དགུང་ལོ་སུམ་ཅུ་སོ་ལྔ་ལུ་ཕེབས་པའི་སྐབས་ ས་ག་ཟླ་བའི་ཚེས་བཅོ་ལྔ་ ཡུལ་མ་ག་དྷའམ་གནས་ཆེད་རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་གི་རྩ་བ་བར་ བྱམས་པའི་ཏིང་འཛིན་ངང་ལུ་སྙོམས་པར་འཇུག་ བདུད་ཀྱི་དཔུང་ཚོགས་འདུལ་ཏེ་ མངོན་པར་རྫོགས་པ་སངས་རྒྱས་པའི་ཚེ། དེ་རྗེས་སུ་དྲན་པའི་ཐབས་ལུ་ རྒྱལ་པོ་གཟུགས་ཅན་སྙིང་པོ་ཚུ་གིས་བཞེངས་ཡོད་མིའི་མཆོད་རྟེན་དེ་ལུ་བྱང་ཆུབ་མཆོད་རྟེན་ཟེར་ཞུཝ་ཨིན།

གསུམ་པ་ བཀྲ་ཤིས་སྒོ་མང་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་འདི་ སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཚར་བའི་ཤུལ་ལས་ ཆོས་མ་གསུངས་པར་ཞག་གྲངས་ ༤༩ གི་བར་བཞུགས་པའི་རྗེས་སུ་ ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གིས་ གདུལ་བྱའི་ངོ་བོ་ལུ་གཟིགས་ཏེ་ ཆོས་ཀྱི་འཁོར་ལོ་བསྐོར་གནང་ཟེར་ གསོལ་བ་འདེབས་པ་བཞིན་དུ་ རང་ཟླ་དྲུག་པའི་ཚེས་བཞི་ལུ་ གནས་དྲང་སྲོང་ལྷུངས་བའི་རི་དྭགས་སམ་ གནས་ཆེན་ཝ་ར་ཎ་སི་ལུ་ ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ འཁོར་ལྔ་སྡེ་བཟང་པོ་ལུ་ ཆོས་འཁོར་ཐོག་མ་བདེན་པ་བཞིའི་ ཆོས་འཁོར་བསྐོར་བའི་རྗེས་དྲན་གྱི་ཐབས་ལུ་ ཚངས་བྱིན་དང་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ་གིས་ བཞེངས་གནང་པའི་མཆོད་རྟེན་ལུ་ བཀྲ་ཤིས་སྒོ་མང་མཆོད་རྟེན་དང་ ཡང་ན་ ཆོས་འཁོར་མཆོད་རྟེན་ཟེར་ཡང་ཞུཝ་ཨིན།

བཞི་པ་ ཆོ་འཕྲུལ་མཆོད་རྟེན་འདི་ སངས་རྒྱས་ཤཀྱཱ་ཐུབ་པ་མཆོག་གིས་ རང་ཟླ་དང་པའི་ཚེས་གཅིག་ལས་བཅོ་ལྔའི་བར་ མཉན་ཡོད་ཛ་ཏེའི་ཚལ་དུ་ སངས་རྒྱས་ལུ་མ་རངས་པ་ཕྲག་དོག་བསྐྱེད་མི་ མུ་སྟེགས་ཀྱི་སྟོན་པ་དྲུག་ལུ་ ཁྱད་པར་ཅན་གྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ བསྟན་ཏེ་ ཕམ་བཏང་ཡོདཔ་ལས་ འདིའི་རྗེས་དྲན་ལུ་གསེར་རྒྱལ་ལ་སོགས་པ་ཚུ་གིས་ བཞེངས་ཡོད་པའི་མཆོད་རྟེན་དེ་ལུ་ ཆུ་འཕྲུལ་མཆོད་རྟེན་ཟེར་ཞུཝ་ཨིན།

ལྔ་པ་ ལྷ་བབས་མཆོད་རྟེན་འདི་ བདེ་བར་གཤེགས་པ་དགུང་ལོ་ཞེ་གཉིས་ལུ་ ཡུམ་གྱི་དྲིན་ལན་གཟོ་ནིའི་དོན་ལུ་ ལྷའི་གནས་སུམ་ཅུ་རྩ་གསུམ་ལུ་བྱོན་ཏེ་ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་། སླར་ཡང་མིའི་ཡུལ་གྱི་ འཁོར་རྣམ་པ་བཞི་གིས་ གསོལ་བ་འདེབས་པ་བཞིན་དུ་ རང་ཟླ་དགུ་པའི་ཚེས་ ༢༢ ལུ་ སུམ་ཅུ་རྩ་གསུམ་གྱི་གནས་ལས་ མི་ཡུལ་གྲོང་སྒྲ་ལྡན་ལུ་ལོག་ཕེབས་པའི་ཚེ་ དེ་རྗེས་དྲན་ལུ་ ཨིན་དྲ་ཝ་རྨི་གིས་བཞེངས་པའི་མཆོད་རྟེན་ལུ་ རྒྱལ་བ་ལྷ་ལས་བབས་པའི་མཆོད་རྟེན་ཟེར་ཞུཝ་ཨིན།

དྲུག་པ་ སྟོན་པ་བཅོམ་ལྡན་འདས་ འོད་མའི་ཚལ་དུ་བཞུགས་པའི་སྐབས་ ལྷས་བྱིན་གྱིས་ སངས་རྒྱས་ཀྱི་དགེ་འདུན་འཁོར་ཚུ་གི་བར་ན་ དབྱེན་བྱས་ཟེར་ ཕུང་དཀྲོགས་སྲིད་དཀྲོགས་འབད་བའི་ཤུལ་ལས་ སངས་རྒྱས་ཀྱིས་ཐབས་མཁས་པའི་སྒོ་ལས་ དབྱེན་བཟླུམ་པར་མཛད་པའི་ཚེ་ན། དེ་རྗེས་དྲན་ལུ་གྱེད་བུ་བཞི་གིས་ བཞེངས་ཡོད་པའི་མཆོད་རྟེན་ལུ་ དབྱེན་ཟླུམ་མཆོད་རྟེན་ཟེར་ཞུཝ་ཨིན།

བདུན་པ་ རྣམ་རྒྱལ་མཆོད་རྟེན་འདི་ སྟོན་པ་ཐུབ་པའི་དབང་པོ་མཆོག་ ཡུལ་ཡངས་པ་ཅན་ལུ་བཞུགས་པའི་སྐབས་ བདུད་ཀྱི་རྒྱལ་པོ་གིས་ མྱ་ངན་ལས་འདས་པར་ གསོལ་བ་བཏབ་བཞིན་དུ་ མྱ་ངན་ལས་འདས་ནི་སྦེ་བཞུགསཔ་ད་ དགེ་བསྙེན་ཙུན་ད་གིས་ སླར་མྱ་ངན་ལས་མི་འདའ་བར་བཞུགས་པར་ གསོལ་བ་བཏབ་ནི་དེ་གིས་ བདུད་ལས་རྣམ་པར་རྒྱལ་ཏེ་ ཚེ་ལུ་བྱིན་གྱིས་བརླབས་པའི་དུས་ལུ་ དེ་རྗེས་སུ་དྲན་ནིའི་དོན་ལུ་ ལི་ཙ་བྱི་སོགས་ཀྱི་བཞེངས་པའི་མཆོད་རྟེན་འདི་ལུ་ བདུད་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་ཟེར་ཞུཝ་ཨིན།

བརྒྱད་པ་ མྱང་འདས་མཆོད་རྟེན་འདི་ ཐུབ་པའི་དབང་པོ་མཆོག་ གནས་ཆེན་རྩ་མཆོག་གྲོང་དུ་ ང་བཅས་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་ འཁོར་བའི་གནས་ལུགས་འཇིག་པའི་རང་བཞིན་ཨིན་ཟེར་ སྟོན་ནིའི་དོན་ལུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པའི་ཚེ་ན། དེ་རྗེས་དྲན་ལུ་ རྒྱལ་པོ་མ་སྐྱེས་དགྲ་གིས་བཞེངས་ཡོད་པའི་མཆོད་རྟེན་ལུ་ མྱང་འདས་མཆོད་རྟེན་ཟེར་ཞུཝ་ཨིན།

མཆོད་རྟེན་བཞེངས་པའི་དགོས་པ།

འབྲུག་རྒྱལ་ཁབ་འདི་ སངས་རྒྱས་ཀྱི་བསྟན་པ་མ་ཉམས་པར་གནས་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ དད་ཅན་སྐལ་ལྡན་ཕོ་མོ་ཡོངས་ཀྱིས་ གོང་ལུ་བཤད་ཚར་བའི་མཆོད་རྟེན་ཚུ་བཞེངས་ཏེ་ ཕྱག་མཆོད་སྐོར་ར་རྐྱབ་པ་ཅིན་ ལས་སྒྲིབ་མི་གཙང་དག་པའི་དགོས་པ་ཚུ་ཡོདཔ་ཨིན། དེ་སྦེ་ མཆོད་རྟེན་བཞེངས་དགོ་པའི་དགོས་པ་ཡང་ རྒྱལ་བའི་གསུང་རབ་ཚུ་ནང་ མཆོད་རྟེན་བཞེངས་པའི་ཕན་ཡོན་ མང་རབས་ཅིག་གསུངས་བཞག་ཡོདཔ་དང་ དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས་ནིའི་ རྟེན་གཞི་ངོ་མ་ཅིག་ཡང་ཨིན་མས།།

རྒྱབ་རྟེན།

ཀུན་བཟང་ཕྲིན་ལས། (༢༠༠༡) ཉེར་མཁོའི་རྣམ་བཤད་སྣང་བ་གསར་པ་བཞུགས། ཐིམ་ཕུག། ཀེ་ཨེམ་ཀྲི་དཔར་སྐྲུན་ཁང་།